ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday 2 January 2012

        
      ཟླ་ཚེས་གསལ་བོ་ཞིག་མི་དྲན་ཡང་དུས་ཚིགས་དེ་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་ཧ་ཅང་གྲང་བའི་དགུན་ཁ་ཞིག་ཡིན་ཞིང་། རི་ཀླུང་ཐང་གསུམ་གྱི་དབྱེ་བ་མེད་པར་གཡུགས་པའི་གྲང་རླུང་དེ་ཡིས་སྨན་བུ་མོའི་མྱོས་བུམ་དང་སྟག་ཤ་རའི་དཔུང་ཤ་ཡང་འཁུམ་དུ་བཅུག་ཡོད་པར་ཐེ་ཚོམ་མེད། དེ་དུས་ཀྱི་ང་རང་ལ་མཚོན་ན་ཉིན་རེའི་བྱ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་ནི་རྩོམ་ཡིག་འབྲི་རྒྱུ་དེ་ཡིན་ཞིང་། རྩོམ་ཡིག་གི་ཁྲོད་ནས་ཀྱང་བརྩམས་སྒྲུང་འབྲི་རྒྱུ་དང་བརྩམས་སྒྲུང་གི་རྩོམ་པ་པོ་ཚོར་གྲོགས་འབྲེལ་བསྒྲིག་རྒྱུ་དང་ཁོང་ཚོའི་ས་ནས་བསླབ་བྱ་དང་བཀའ་སློབ་ཞུ་རྒྱུ་དེ་དོན་དག་གཞན་གང་ཞིག་ལས་ཀྱང་གལ་ཆེན་དུ་གྱུར་ཡོད།
Sunday 1 January 2012
གནམ་ལོ་གསར་པ་འདི་ས་ནས་སྐྱེ་བར་ཤོག
ས་འབུ་ཐག་ནར་ཚོར་བདེ་སྐྱིད་ལྡན་པར་ཤོག
གནམ་ལོ་གསར་པ་འདི་ཆུ་ཡིས་བརླན་པར་ཤོག
ཆུ་ནང་ཉ་མོ་ཚོར་ལྕགས་ཀྱུ་མེད་པར་ཤོག
གནམ་ལོ་གསར་པ་འདི་མེ་ཡིས་དྲོས་པར་ཤོག
མེ་ཡིས་བསྲེག་རྒྱུ་དེ་མི་ལུས་མིན་པར་ཤོག
གནམ་ལོ་གསར་པ་འདི་རླུང་གིས་བསྐྱོད་པར་ཤོག
རླུང་ཁའི་ཤོག་བྱ་དེའི་འདོག་ཐག་ཆད་པར་ཤོག

གནམ་ལོ་གསར་པ་འདི་ནམ་མཁར་ལྡིང་བར་ཤོག
ནམ་མཁའ་སྔོན་པོ་དེར་མཐའ་དབུས་མེད་པར་ཤོག