ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Sunday 25 September 2011


fallleavesbypond


སྟོན་མཇུག་འདིར།
རླུང་བུ་ཤུར་ཤུར་དུ་ལྡང་ཞིང་།
སྤྲིན་པ་དག་ཀྱང་ནམ་མཁའི་ངོས་སུ་མགྱོགས་པོར་བཞུད་ཀྱིན་འདུག
སྟོན་མཇུག་ཁོ་ནར་བཞད་པའི་མེ་ཏོག་སེར་པོ་དེ་དག
རྩྭ་སྐྱའི་གསེབ་ན་དབྱར་དུས་ཀྱི་དཔང་རྟགས་ཙམ་ཞིག་ཏུ་མངོན།

མི་རྣམས་ལས་ཀར་བྲེལ་དྲགས་པས།

དབྱར་དུས་ཇི་ལྟར་བཞུད་པ་དང་།
སྟོན་ཁ་ཇི་ལྟར་བསླེབས་པ་ཡང་མ་ཤེས།
ད་ནི་སྟོན་ཁའི་ལོ་མ་སེར་པོ་དག་གི་དུས་ཚིགས་གང་མགྱོགས་བསླེབ་ངེས་རེད་ཨང་།


སྙན་ངག་ཅིག་འབྲི་བསམས་དུས།
ལག་པ་འདི་རང་དབང་མེད་པར་རང་གི་ཨ་རར་ཐོགས་འགྲོ་བ་དང་།
ལོ་རྒས་ཀྱིན་ཨ་ར་དག་ཀྱང་ཇེ་རྩུབ་ཡིན་པ་འདི་ཡིས།
ལོ་རྒས་ཀྱིན་མིའི་གཤིས་རྒྱུད་ཀྱང་ཇེ་རྩུབ་ཏུ་འགྲོ་བའི་སྣང་བ་ཞིག་ཀྱང་སྐྱེས།

མེ་འཁོར་ཞིག་ཐག་རིང་ན་དུང་བརྡ་སྒྲོག་བཞིན་ངར་ཤུགས་ཀྱིས་བཞུད་འགྲོ་དང་།
སྒེའུ་ཁུང་ཕྱི་ལོགས་སུ་ཁྱི་དཀར་པོ་ཞིག་དང་མཉམ་དུ་སྐྲ་ལོ་རླུང་གིས་སྐྱོད་བཞིན་པའི་བུ་མོ་དེའི་རྒྱབ་གཟུགས་ཁོ་ནས།
ད་གཟོད་འཇིག་རྟེན་འདིར་སྟོན་ཁ་བསླེབས་སྔ་བ་དང་།
ལོ་འགའི་སྔོན་གྱི་བྱིས་པ་དམར་འབྱར་དེ་དག་ཀྱང་ད་ནི་སློབ་གྲྭར་འགྲོ་བཞིན་ཡོད་ཅིང་།
དགེ་རྒན་ཚོའི་མིག་ཤེལ་དག་ཇེ་མཐུག་ཏུ་ཕྱིན་པའི་ཚོར་བ་ཞིག་ཀྱང་དབང་མེད་དུ་སྐྱེས་བྱུང་།

དཔེ་དེབ་དང་གྱོན་ཆས་དག་གང་སར་གོ་རིམ་མེད་པའི་བཀྲམ་པའི་རང་གི་ཉལ་ཁང་དུ།
ཟ་འགྲམ་གྱི་སྐྲ་དཀར་འགའ་བཏོགས་ནས་མེ་ལོང་ཆེན་པོ་དེའི་ཟུར་ངོས་ཤིག་ལ་བཙུགས་རྗེས།
སེམས་པ་སྐྱོ་ལྷང་ལྷང་ངང་གློག་ཀླད་ཀྱི་ཁ་གཏད་དུ་འགྲེང་དུས།
གནམ་སྔོན་པོའི་གཏིང་རུམ་ནས་ལྡང་བའི་རླུང་བུ་ཞིག་དང་མཉམ་དུ།
ཉི་མ་གཅིག་རང་ཉིད་ཀྱང་རྨེག་མེད་དུ་འགྲོ་བར་བསམས་ན།
གཞི་མེད་པའི་སེམས་ཁྲལ་མང་པོ་ཞིག་མེ་ལ་བསྲེགས་འདོད་ཅིང་།
རྨང་མེད་པའི་འཆར་ཡན་གྲངས་མེད་ཅིག་ཆུ་ལ་བསྐྱུར་འདོད།

ལྕགས་རྟ་ཞོན་ནས་མཚེའི་ལྗང་ཁུ་དེའི་འགྲམ་དུ་བསྐྱོད་དུས།
སྟོན་རླུང་གིས་མཚེའུའི་ངོས་སུ་རྦ་རླབས་ཆུང་ཆུང་མང་པོ་ཞིག་ཆལ་ཆིལ་དུ་གཡོ་བཞིན་འདུག་པ་མཐོང་བས།
དོར་མ་བརླ་རྩར་བརྫེས་ཏེ་ཆུ་ནང་དུ་འགྲེངས་ནས་ཡུད་ཙམ་བསྡད་པས།
སེམས་པ་འདི་ཡངས་སངས་སེར་སོང་བ་དང་།
སྐྲ་ལོ་རེ་རེའི་རྩ་ནས་ཀྱང་དབུགས་དབྱུངས་རེ་རེ་རྡུལ་ཕྲན་ལྟར་འཐོར་སོང་།

གནའ་དུས་ནས་སྟོན་མཇུག་ཏུ་ཁྲུང་ཁྲུང་བྱང་ལ་ལོག་ཅིང་།
སྟོན་མཇུག་ཏུ་ལོ་མ་སེར་པོར་འགྱུར་བ་ལ་དཔེ་བླངས་ཏེ།
སྙན་ངག་པ་དག་གིས་མི་རྣམས་ཀྱི་དབང་འཕྲོག་པའི་སྙན་ངག་མང་པོ་ཞིག་བརྩམས་ཡོད་ཅིང་།
དབེན་དགོན་ཚོའི་གསེར་ཏོག་ཀྱང་སྟོན་མཇུག་ཏུ་ཆེས་དྭངས་པའི་གཡུ་མདོག་གི་ནམ་མཁའི་ངོས་སུ་ཟུག་འགྲོ་བ་དེ་ཡང་དྲན་ཡོང་།

0 བསམ་ཚུལ་འདོན་པ།:

Post a Comment