ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday 29 September 2011

greenlakescape
ཀླུ་སྨྱོན།
ཡར་ལངས་འཕྱི་བས་མགོ་ བཀྱགས་དུས་ཉི་འོད་སེར་པོ་ཞིག་མལ་ཁང་དུ་འཁྱིལ་འདུག་ལ། སྦྲང་བུ་གཤོག་ཐོགས་འགས་སྒེའུ་ཁུང་གི་ཤེལ་སྒོའི་ངོས་སུ་སྲོག་བསྡོས་ཀྱིས་འཕག་ འཚག་བྱེད་བཞིན་ཕྱི་རོལ་གྱི་ཡུལ་ལྗོངས་བསྙེག་ན་འདོད་ནས་སྡོད་ཚུགས་ཀི་མི་འདུག ཡར་ལངས་ཏེ་ཕར་སོང་ནས་སྒེའུ་ཁུང་ཕྱེས་པ་ན། དྭངས་གཙང་གི་མཁའ་དབུགས་བསིལ་བོ་ཞིག་འཆི་སོས་ཀྱི་རོལ་དབྱངས་བཞིན་རྔུབ་རྒྱུ་ བྱུང་ལ། དེ་དང་མཉམ་དུ་སྦྲང་བུ་དེ་དག་ཀྱང་མཐའ་མེད་པའི་ཕྱི་རོལ་གྱི་འཇིག་རྟེན་དེའི་ ཀློང་དུ་འཕུར་སོང་། གཅིག་བྱས་ན་ཕར་ཕྱོགས་དེར་བྱེའུ་གདུག་རྩུབ་ཅན་རེ་ཟུང་གིས་ཉམ་ཆུང་སྦྲང་བུ་དེ་ ཚོར་བསྒུགས་བསྡད་ཡོད་ནའང་ཐང་།
གསང་སྤྱོད་དུ་སོང་ནས་ གཅིན་པ་ཤག་སེར་གཏོང་ཞོར་འདར་སིག་བརྒྱབ་ཅིང་འདི་ནི་སྐྱེས་པ་ཀུན་ལ་ཡོད་པའི་ ཐུན་མོང་གི་སྣང་ཚུལ་ཞིག་རེད། སྤོས་སྤར་ཆུ་མཆོད་་སོགས་དང་མཉམ་དུ་ཁ་ཏོན་འགའ་བཏོན། གློག་ཀླད་ཀྱི་ཁ་ཕྱེས་ནས་རྩོམ་ཡིག་གསར་པ་འགའ་དྲ་ཐོག་ཏུ་བཞག ཤོད་དུ་བབས་ནས་ཞོགས་ཇ་ཞིག་འཐུང་བཞིན་པའི་སྐབས་སུ་ཆོས་གྲོགས་དེས་བལ་ཡུལ་ནས་ འབྱོར་བའི་མཆོད་ཆས་འགའ་འདེམ་ཕྱོགས་ནས་ཁོར་གྱོང་རག་བྱུང་ཞེས་རྙོག་དྲ་བཤད་ ཀིན་འདུག

གྲོགས་པོ་ཨ་རི་བ་ཞིག་ གིས་བཀའ་འགྱུར་དབྱིན་སྒྱུར་ཚོགས་པའི་ལས་ཀ་སྟེ་མདོ་སྡེ་ཟ་མ་ཏོག་བསྒྱུར་ཟིན་ དེར་ཞུ་དག་ཐེངས་ཤིག་བྱས། དོགས་པ་ཟ་ས་འགའ་ལ་རྟགས་རེ་བཏབ། མདོ་སྡེ་དེ་རྒྱ་གར་ཧིན་རྡུའི་རིག་གཞུང་གཞིར་བཞག་གིས་གསུངས་འདུག་ཨང་སྙམ་པ་ཞིག་ བྱུང་། མདོ་འདི་ནི་སྟོན་པས་སྤྱན་རས་གཟིགས་ཀྱི་ཡོན་ཏན་གསུངས་པའི་མདོ་ཞིག་རེད་འདུག་ པས། རང་རེ་བོད་སྤྱན་རས་གཟིགས་ཀྱི་ལུང་པའི་མི་རྣམས་ཀྱིས་ངེས་པར་དུ་སློབ་སྦྱོང་ བྱེད་དགོས་པའི་ཆོས་ཚན་ཞིག་རེད། མདོ་འདི་བཀླགས་རྗེས་བོད་པ་ཚོ་ཇི་འདྲའི་བསོད་ནམས་ཆེ་བ་ཨང་སྙམ་པ་རེ་ཡང་ལན་མང་ བྱུང་། མདོ་འདི་བསྒྱུར་མཁན་ཁོང་ནི་ནུབ་ཕྱོགས་པའི་ཁྲོད་ཀྱི་ནང་ཆོས་ཡིག་སྒྱུར་པ་ གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་མདོ་འདི་སྒྱུར་ཞོར་གློག་བརྙན་བཟོ་མཁན་ཚོགས་པ་ཞིག་གི་ནང་དུ་ཡང་ལས་ཀ་ བྱེད་བཞིན་འདུག ཁོང་མགྱོགས་པར་འབྲུག་རྒྱལ་གྱི་གཉེན་སྟོན་དེ་གློག་བརྙན་དུ་ལེན་པར་འགྲོ་རྩིས་ རེད།
གློག་ཀླད་གྱི་མར་གཤམ་ དེར་རྒྱང་རིང་ན་ཡོད་པའི་ཁོ་མོས་གནམ་ཀླད་ཀྱི་སྒོ་ཕྱེས་ཡོད་པའི་བརྡ་རྟགས་དེ་ ཤར་སོང་བས་མོ་དང་མཉམ་དུ་སྐད་ཆ་བཤད་ནས་ཆུ་ཚོད་གཅིག་ཙམ་འགོར། མོའི་སྐད་གདངས་རེ་རེས་ངའི་ཁྲག་རྩ་རེ་རེ་བསྡམས་བྱུང་བས། འཆི་བའི་བདེ་སྐྱིད་ཟེར་བའི་རྔམ་པོ་ཆེ་དེ་ཡང་གློག་བརྙན་ནང་གི་ལེ་ཚན་བཞིན་ གཅིག་རྗེས་གཉིས་མཐུད་དུ་ཤར་ཡོང་།
ཉིན་གུང་ཟ་མ་བཟའ་བའི་དུས་ ཚོད་བསླེབས་སོང་། སྤྲང་པོས་ཕྱུག་མདོག་བསྟན་ནས་ཨ་སྒོར་གཅིག་སྟོང་སྤྲད་དེ་ཉོས་པའི་ལྕགས་རྟ་དེར་ ཞོན་ནས་མཚོ་ལྗང་ཁུའི་འགྲམ་དུ་སོང་། མཚོ་འགྲམ་དུ་འཆམ་འཆམ་ལ་འགྲོ་མཁན་གྱིས་ཡོངས་སུ་ཁེངས་འདུག ལམ་དཀྱིལ་ནས་འབུ་སྲིན་ནག་པོ་ཞིག་གི་འགུལ་བསྐྱོད་མཐོང་། སར་བབས་ནས་དེ་ལམ་ཁའི་རྩྭ་གསེབ་ཅིག་ཏུ་འཇོག་ཞོར་མ་ཎི་འགའ་བཏོན། རང་ཉིད་དང་ཁོ་གཉིས་མཉམ་དུ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ། གཟུགས་པོར་ཆེ་ཆུང་ཡོད་པ་མ་གཏོགས་རྣམ་ཤེས་ལ་ཆེ་ཆུང་ཆེ་ཡོད་བསམས། མཚོ་ལྗང་ཁུའི་ཤར་ཕྱོགས་སུ་བསླེབས་ནས་ལྕགས་རྟ་རྐུབ་སྟེགས་རིང་པོ་དེའི་འཁྲིས་ སུ་བཞག་རྗེས། ལྷམ་དང་རྐང་ཤུབས་ཕུད་ཅིང་དོར་མ་བརླ་རྩར་བརྫེས་ཏེ་མཚོ་ནང་དུ་བརྒལ། ངོ་གདོང་ཉི་མར་གཏད་དེ་མིག་གཉིས་བཙུམས། ཚོར་བ་སྐྱིད་པོ་དཔེ་མེད་ཅིག་བྱུང་། ལྷ་ཡི་ཡུལ་དང་མཛེས་མའི་བྷ་ག ཆང་གི་བྲོ་བ་སོགས་གཞི་གཅིག་ཏུ་བསྲེས་པ་འདྲ་བྱུང་། མི་ཡུལ་ན་ཡང་བདེ་སྐྱིད་འདུག མི་ཡུལ་ན་ཡང་ཚོར་བ་འདུག མི་ཡུལ་ན་ཡང་ཉི་འོད་འདུག
མ་ཎི་འགའ་བགྲངས་ནས་མགོ་ མཚོ་ནང་དུ་བཅུག་སྟེ་དབུགས་དབྱུངས་རེ་བྱས། མཚོ་གཏིང་གི་སྲོག་ཆགས་ས་ཡ་དུང་ཕྱུར་དེ་དག་ཀྱང་རང་ཉིད་དང་སྐྱིད་སྡུག་ཡོངས་ སུ་འདྲེས་ཡོད་པའི་ངེས་ཤེས་རྙེད། ཁོ་ཚོའི་འཚོ་བ། ཁོ་ཚོའི་དཀའ་སྡུག ཁོ་ཚོའི་འཇིགས་སྐྲག འདི་དག་ཚང་མ་ཁོ་ཚོ་རང་ཉིད་ཀྱི་ལས་ཀྱིས་བྱས་པར་ཡིད་ཆེས་རྙེད།
ཅུང་ཐག་རིང་སར་ཡོད་པའི་ ཁོ་རི་ཡའི་ཟ་ཁང་ཞིག་ཏུ་བསྐྱོད། ཞབས་ཞུ་མ་དེ་ལ་སྒེག་ཉམས་ལྡན་ཞིང་ཁ་ཚིག་འཇམ། མོ་རང་ལྟ་བུའི་མཛེས་མ་དག་ཁོ་རི་ཡའི་གློག་བརྙན་དག་ལ་ཡང་ཡང་མཐོང་། རང་ཉིད་ལ་ཡང་མོ་ལྟ་བུའི་སྲིང་མོ་ཞིག་ཡོད་ན་སྙམ། བན་རྒན་རྒས་ན་སྲིང་མོ་མཁོ།
ང་ཆུང་དུས་ངའི་ཨ་མས་དེ་སྐད་ཡང་ཡང་གསུངས། དེང་སྐབས་བསམས་ན་དེ་ལ་བདེན་ཞད་མང་།
ཕྱིར་རང་གི་སྡོད་གནས་སུ་ ལོག་ཁར་ལམ་སྐེད་དུ་ཡོད་པའི་སྤྱི་གླིང་ཆུང་ཆུང་དེར་སོང་ནས་ཉི་མར་ལྡེས། ཤ་མདོག་དང་སྐད་རིགས་མི་འདྲ་བའི་བཟའ་ཚང་བྱིས་པ་ཅན་འགའ་རེ་ཡང་དེར་བསླེབས་འདུག བྱིས་པ་དག་གི་སྐད་ཅོར་རྣ་བར་ཧ་ཅང་སྙན། ནམ་མཁའ་ཆེས་སྔོ་ཞིང་རླུང་བུ་འཇམ་པོ་ཞིག་ག་ལེར་ལྡང་། གན་རྐྱལ་དུ་ཉལ་ནས་མིག་གཉིས་བཙུམས་ཏེ་བསམ་བློ་བཏང་། ཨ་རིར་བསླེབས་ནས་ལོ་དགུ་འཁོར་སོང་། ད་དུང་དབྱིན་སྐད་དག་མོ་ཞིག་མི་ཤོད། སྒོར་མོ་ཅི་ཡང་གསོག་མ་ཐུབ། ཇེ་མང་དུ་འགྱུར་བཞིན་པ་ནི་མགོའི་སྐྲ་དཀར་དང་བསམ་གཞིག་གི་ཚོགས། ཁྲའམ་གླག་རྒོད་ཅིག་གིས་བར་སྣང་ནས་ངར་སྐད་འབྱིན། བྱེའུ་དག་འཇིགས་སྐྲག་གིས་ཡར་འཕུར་མར་འཕུར་བྱེད། འཆི་བདག་ནམ་ཡོང་ཆ་མེད་རེད། གཡོན་ཕྱོགས་སུ་ཡོད་པའི་གསོམ་ཤིང་དེ་ཚོར་དུས་བཞིར་འགྱུར་བ་དེ་ཙམ་མེད་པར་ནམ་ ཡང་ལྗང་ཐིང་ཐིང་དུ་གནས། སྐྲ་ལོ་སེར་པོ་ཅན་གྱི་གཞོན་ནུ་མ་ཞིག་འཁྲིས་དེར་གན་རྐྱན་ངང་ཉི་མར་ལྡེ་བཞིན་ འདུག མོའི་ནུ་ཁེབས་དམར་པོ་དེའི་ངོས་ནས་ཉི་འོད་དྲག་པོ་ཞིག་ལྡོག་འཕྲོ་བྱེད། དེ་ལང་ཚོའི་གཟི་འོད་དང་བསྡོངས་ནས་མི་རྐྱང་ཚོའི་ལུས་སེམས་ཐལ་བར་བསྲེགས། ངས་རྒྱབ་ཁུག་ལས་<<ཤོག་བྱ་བདའ་མཁན་>>ཞེས་པའི་དབྱིན་ཡིག་སྒྲུང་དེབ་གྲགས་ཅན་དེ་ བླངས་ནས་ཁ་སང་གི་འཕྲོ་ནས་མར་བཀླགས།
ནང་ལ་བསླེབས་ནས་གྱོན་གོས་ སྐོར་ཞིག་འཁྲུད་ཆས་ཀྱི་ཁོག་ཏུ་བརྫངས། གཉིད་ཐུན་གཅིག་ལ་ཡུར། རྨི་ལམ་ཟ་ཟི་མང་། གཅིན་པ་གཏོང་དགོས་པའི་ཚོར་བ་ཞིག་གིས་རྨི་ལམ་ལས་སད། གསང་སྤྱོད་ནང་དུ་སོང་ནས་གཅིན་པ་བཏང་རྗེས་གཟུགས་པོ་བཀྲུས། རྨོངས་སྤུ་རིང་དྲགས་ནས་ལིང་ག་ཡང་མི་མཐོང་བའི་ཚད་དུ་བསླེབས་འདུག འཆང་གང་སོར་གསུམ་རི་བོང་སྐྱ་ལིའི་རིགས། ཚིག་འདི་གང་ན་འདུག
ཕྱི་དྲོར་ཉི་འོད་ལྷག་མ་ ཞིག་ད་དུང་སེར་ལམ་མེར་གྲོང་བརྡལ་འདིའི་མགོ་ཐོག་ནས་མར་འཕྲོ་བཞིན་ཡོད། ཨ་མདོའི་ཞི་མོ་དེར་རྒྱ་མིའི་ཟ་ཁང་དུ་ཟ་མ་བཟའ་རུ་ཤོག་ལབ་རྗེས་ལྕགས་རྟར་ཞོན་ ནས་ལམ་དུ་ཆས། ཟ་ཁང་དེའི་འཁྲིས་སུ་བསླེབས་དུས་མོ་མཐོང་སར་མེད། ཆུ་ཚོད་ཕྱེད་ཀ་ཙམ་ལ་བསྒུགས་ཀྱང་ཡོང་རྒྱུ་མི་འདུག ཚོང་ཁང་ཞིག་གི་སྒོ་རྩ་རུ་ཕོ་གསར་མོ་སྐད་རྒྱག་མཁན་ཞིག་གིས་ མཚན་མཐུན་འཁྲིག་སྤྱོད་པ་ཚོར་རྒྱབ་སྐྱོར་བྱེད་རོགས་ཟེར་ནས་ ལམ་འགྲོ་བ་ཚོར་དེབ་ཅིག་གིས་ངོས་སུ་མིང་རྟགས་འགོད་པར་སྐུལ་མ་བྱེད་བཞིན་འདུག ཞིང་ཆེན་འདིའི་ནང་མཚན་མཐུན་འཁྲིག་སྤྱོད་དེ་ཁྲིམས་མཐུན་ཡིན་མོད། ཁ་སང་དགོང་མོར་བརྙན་འཕྲིན་ལས་གྲོང་བརྡལ་གཞན་ཞིག་ཏུ། ཁྱིམ་མཚེས་འགས་ཕོ་གསར་མཚན་མཐུན་འཁྲིག་སྤྱོད་པ་གཉིས་ཀྱི་རླངས་འཁོར་ལ་རྡོ་ གཞུས་ནས་ཤེལ་སྒོ་བཅག་པ་དང་། ད་དུང་ཤོག་བུ་ཞིག་གིས་ངོས་སུ་མཚན་མཐུན་འཁྲིག་སྤྱོད་ནི་དཀོན་མཆོག་གི་བཀའ་དང་ འགལ་བས་གདོན་འདྲེ་ཁྱེད་ཅག་ས་ཆ་གཞན་དུ་སོངས་ཤིག་ཅེས་ཐ་ཚིག་བྲིས་པ་རླངས་འཁོར་ གི་ངོས་སུ་སྦྱར་ཡོད་ལུགས་མཐོང་སོང་། ཞི་མོ་དེའི་ཁ་པར་བསླེབས་སོང་། རྒྱ་གར་ནས་སྤུན་མཆེད་ཀྱི་ཁ་པར་བསླེབས་སོང་བས་ཡོང་མ་ཐུབ་པར་དགོངས་དག་ཟེར།
རང་ཉིད་གཅིག་བུ་ཐེ་ལན་ གྱི་ཟ་ཁང་ཞིག་ཏུ་འཛུལ། ཤ་འབྲས་ཤིག་ཟོས་རྗེས་ཨ་སྒོར་བཅུ་གསུམ་རིན་འབབ་ཏུ་སྤྲད། མུན་ཡོངས་སུ་རུབ་འདུག གློག་སྒྲོན་གྱི་འོད་མདངས་གང་སར་འཕྲོས། ནང་ལ་ལོག་ནས་ཉིན་ཐོ་འདི་བྲིས། ཐང་ཆད་དེ་མིག་གཉིས་རབ་རིབ་ཏུ་གྱུར། 
མ་ཉལ་སྔོན་བརྙན་འཕྲིན་བརྒྱུད་དེ་དངོས་བཤུས་གློག་བརྙན་ཞིག་ལ་བལྟས།  མིང་<<ཡུལ་ལ་ལོག་པའི་མེ་འཁོར་མཐའ་མ། >> ས་ཆ་རྒྱ་ནག་ཀོང་ཏུང་། གྲོང་གསེབ་པ་དབུལ་ཕོངས་བཟའ་ཟླ་གཉིས་གྲོང་ཁྱེར་དུ་ཡོང་ནས་གྱོན་ཆས་བཟོ་གྲྭ་ཞིག་ཏུ་ནང་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་སྒོར་མོ་བཙལ། ཨ་ཡེ་རྒན་མོ་དང་བྱིས་པ་གཉིས་ཁྱིམ་དུ་བསྡད་ཡོད། ལོ་གསར་མ་བསླེབས་གོང་དེར་ཁོ་གཉིས་ཀྱང་རྒྱ་མི་ས་ཡ་བཅུ་གསུམ་དང་འདྲ་པར་མེ་འཁོར་ལ་བསྡད་ནས་ཡུལ་དུ་ལོག མེ་འཁོར་ས་ཚིགས་སུ་མི་ཁྲི་ཁ་ཤས་ཀྱིས་འཚང་ཁ་བརྒྱབ། ཉེན་རྟོག་པ་དང་དམག་མིའི་བཀོད་འདོམ་ཇི་འདྲས་བཙན་ཡང་མི་དམངས་ཀྱིས་འཛིན་བྱང་ཉོ་ཆེད་སྲོག་བསྡོས་ཀྱིས་འཚང་ཁ་བརྒྱབ། ནང་ལ་ལོག་ནས་ལོ་གསར་སྐྱིད་པོ་ཞིག་བཏང་རྗེས་ཡང་སྐྱར་བཟའ་ཟླ་གཉིས་གྲོང་ཁྱེར་ལ་ལོག ཁོ་གཉིས་ཀྱི་བུ་མོ་ལོ་བཅུ་བདུན་ཅན་དེ་སློབ་གྲྭར་མ་སོང་བར་གྲོང་ཁྱེར་དུ་བྲོས་ནས་ཆང་ཁང་དུ་ལས་ཀ་བཙལ། ལོ་མཇུག་ཏུ་ཕ་མ་གཉིས་དང་མཉམ་དུ་ནང་ལ་ལོག མེ་འཁོར་ས་ཚིགས་སུ་སྔ་ལོ་ལས་སྡུག་པའི་འཚང་ཁ་བརྒྱབ། མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས། མཐའ་མཇུག་ཏུ་ཡུལ་ལ་འབྱོར་ཞིང་ཕ་རྒན་དང་བུ་མོ་གཉིས་ཀྱིས་འཁོན་འཛིང་བྱས། བུ་མོས་ཏོག་ཙམ་མ་གཏོགས་ཕ་རྒན་ས་བསྒྱེལ། མཐའ་མར་ཕ་རྒན་རྒྱལ། ཨ་མས་ཀྱང་ཁྱོ་གའི་རྒྱབ་རྩ་བྱས་ཏེ་བུ་མོར་ཁྱོད་ཀྱིས་ཕ་རྒན་ལ་ལག་འགུལ་བ་དཔེ་རེད་ཟེར་ནས་གཤེ་གཤེ་བཏང་། གློག་བརྙན་རྫོགས། ནམ་གུང་གཟུར་འདུག

1 comment: