ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday, 10 October 2011
budhaleaf3
གཉིད་ཁུག་བསྡད་ཡོད་དུས་ གློ་བུར་དུ་ཁ་པར་གྱི་སིང་སྒྲས་གཉིད་དཀྲོགས་སོང་། མིག་ཕྱེད་ཀ་གདངས་ནས་ལྟ་དུས་རྒྱལ་སར་ཡོད་པའི་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་ གི་ལས་བྱེད་བུད་མེད་ཅིག་རེད། མོས་འཆི་བ་མི་རྟག་པའི་སྐོར་ཞིག་དྲིས་སོང་བར་གང་ཤེས་ཀྱི་ལན་ཞིག་བཏབ། དེ་ནི་ཤྲི་ལངྐའི་གྲྭ་པ་ཚོས་ནམ་གུང་འཆི་བ་མི་རྟག་པ་བསླེབས་སོང་ཟེར་བཞིན་ཕན་ ཚུན་གྱི་གཉིད་དཀྲོག་རེས་བྱེད་སྲོལ་ཞིག་ཡོད་པ་དེ་དང་འདྲ་བོ་ཞིག་བྱུང་སོང་། ཕྱིར་ཉལ་ན་གཉིད་མི་ཡོང་བ་ཐག་ཆོད་པས་ཡར་ལངས་ཏེ་ཁྲུས་ཁང་དུ་སོང་། སྒེའུ་ཁུང་ལས་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་ཆུ་སྤྲིན་སྔོ་ནག་ཅིག་རྔམ་མཐུག་ པའི་ཚུལ་དུ་འཁྲིགས་བསྡད་འདུག ཁྱིམ་མཚེས་ཚང་གི་ར་སྐོར་ནང་གི་ལྕུག་མ་ཚོམ་བུ་དེ་དག་གི་གསེབ་ཏུ་བྱེའུ་རེ་ ཟུང་གིས་ཞོགས་པའི་མགྲིན་གླུ་ལེན་བཞིན་འདུག་ཅིང་། ལོ་ཤས་སྔོན་གྱི་ཉིན་ཞིག་ཁྲ་གདུག་རྩུབ་ཅན་ཞིག་གིས་དེ་རུ་བྱིའུ་གཉིས་ངའི་མིག་ གིས་མཐོང་ས་དེ་ནས་བསད་དེ་ཟོས་སོང་བ་དེ་སེམས་ནང་ཤར་བྱུང་།
 ཞོགས་ཇ་ཞིག་བཏུངས་ནས་ མལ་ནང་དུ་བསླེབས་ཏེ་གློག་ཀླད་ཀྱི་ཁ་ཕྱེ་བ་ན་ཨ་ལོ་ཚང་ཅིག་ཅིག་ཟེར་བའི་བུ་མོ་ ཞིག་དང་རྡུང་ཁ་བརྒྱབ་སོང་། མོས་ཨ་ལོ་ཆོས་མཛད་ལ་ལྟ་ཚུལ་ག་རེ་ཡོད་ཟེར་བས། ལི་ཐང་ཨ་ཐར་དང་ཨ་ལོ་ཆོས་མཛད་འདི་ཚོ་ནི། དང་པོར་སེམས་ཤུགས་ཆེན་པོས་བོད་དོན་བསྒྲུབས། །བར་དུ་བྱས་རྗེས་ངོས་འཛིན་བྱེད་མཁན་མེད། །མཐའ་མར་རྒྱ་དང་ལག་སྦྲེལ་བྱས་སོང་ཞེས། །ལོ་རྒྱུས་སྐྱོ་བོ་ཞིག་གིས་མི་ཚེ་རྫོགས། །ཞེས་ལབ་པ་ཡིན། སྐབས་དེར་སྒེའུ་ཁུང་ཕྱི་རོལ་ཏུ་ཆར་བ་བབས་ཤིང་སྨུག་པ་དུམ་བུ་དག་ཤར་ཕྱོགས་ ཀྱི་མཁའ་དབྱིངས་ནས་ལྷོ་ཕྱོགས་སུ་སྐྱོད་བཞིན་འདུག dscn4248
དེ་ནས་ཆར་བའི་ནང་ལྕགས་ རྟར་ཞོན་ཏེ་ཀླུ་སྨྱོན་རྩོམ་རིག་བྱ་དགའི་རྟགས་མའི་དཔེ་རིས་དེ་ཁྱེར་ནས་རྟགས་ མ་བཟོ་ཁང་དེར་ཕྱིན། ཕྱིར་ལོག་པའི་ལམ་ཁར་མེག་སི་ཁོའི་ཟ་ཁང་ཞིག་ཏུ་སོང་ནས་ཟ་མ་ཐུན་གཅིག་ཟོས་ཤིང་ ཨ་སྒོར་བཅོ་ལྔ་རིན་འབབ་ཏུ་སྤྲད།
ནང་དུ་འབྱོར་ནས་ངོ་དེབ་ སྟེང་ཕ་ཡུལ་གཅིག་པ་ཡོ་རོབ་ཏུ་སྡོད་མཁན་ཞིག་དང་ཁ་བརྡ་བྱས། ཁོས་སྔོན་ཆད་འབྲུག་མོ་ཞིག་དང་མཉམ་དུ་སྐྱིད་པོ་བཏང་བ་ཡིན་ཟེར། ཞིབ་ཙམ་ཤོད་དང་ལབ་པར་འདི་འདྲ་བཤད་ན་སྡིག་པ་ཡོད་ནི་རེད་ཟེར་བས། ཡར་ལ་ཐུག་ན་ལྷ་ཁྲོས་ཡོང་། །མར་ལ་འཆང་ན་ཀླུ་འཁྲུག་ཡོང་། །བར་ལ་བཤད་ན་མིས་འཕྱ་ཡོང་། །འུ་ཚང་དེ་ལྟར་ཚར་སོང་ཟིག ། བརྗོད་པ་ཡིན།
དེ་ནས་ཇོ་ནང་མཁན་པོ་ཞིག་ དང་མཉམ་དུ་ཇོ་ནང་པའི་ཆོས་བརྒྱུད་ཀྱི་ཐོབ་ཐང་སྐོར་སྐད་ཆ་བཤད་ཅིང་། དེང་སྐབས་ཇོ་ནང་པའི་སྐོར་གླེང་སློང་ཅུང་ཟད་ཆེ་བའི་དུས་འདིར་ཇོ་ནང་པའི་སྐུ་ ཚབ་དག་རྡ་རམ་ས་ལར་སོང་ནས་སྤྱི་འཐུས་གྲོས་ཚོགས་དང་བཀའ་ཤག་གི་སྒོ་རུ་ཟས་བཅད་ ངོ་རྒོལ་བྱེད་དགོས་པ་མ་གཏོགས་ཐོབ་ཐང་རེག་རྒྱུའི་གོ་སྐབས་ཅང་ཡོད་ནི་མ་རེད། ས་སྐྱ་པར་སྐྲག་ན་ཐོབ་ཐང་གི་སྐོར་བཤད་རྒྱུ་ཡོད་ནི་མ་རེད། མ་སྐྲག་པར་ཅིག་བཤད་ཀི་ཡོད་ན་དེ་མཐར་སྐྱེལ་དགོས་པ་རེད། རང་གིས་ལས་འགུལ་ཡག་པོ་ཞིག་མི་སྤེལ་བར་ཁག་ས་སྐྱར་བཞག་ནས་བསྡད་ན་ཐོབ་ཐང་རྡོག་ པོ་གཅིག་རག་རྒྱུ་ཡོད་ནི་མ་རེད། བོད་གཞུང་གི་ལས་བྱེད་ཕྱེད་ཀ་དགེ་ལུགས་པ་རེད། དེ་ཚོ་ས་སྐྱར་སྐྲག་དགོས་དོན་ཅི་ཡང་ཡོད་ནི་མ་རེད། ས་སྐྱས་སྤྱི་འཐུས་གྲོས་ཚོགས་ལ་ཁ་ལོ་སྒྱུར་སྟངས་ཤིག་ཡོད་ནི་མ་རེད།
གཙོ་བོ་དེ་ཇོ་ནང་པ་རང་ གིས་རྡ་རམ་ས་ལ་རང་དུ་སོང་ནས་ལས་འགུལ་སྤེལ་རྒྱུ་འདི་ཧ་ཅང་གལ་ཆེ་གི ལྷག་པར་དུ་གོང་ས་མཆོག་སྐུ་བཞུགས་པའི་དུས་འདིའི་གོ་སྐབས་དམ་འཛིན་བྱེད་དགོས་ ནི་རེད། དེ་མིན་ཁག་ས་སྐྱར་བཞག་སྟེ་རང་ཉིད་ཉལ་བསྡད་ན་དོན་དག་འགྲུབ་རྒྱུ་ཡོདནི་མ་རེད། ས་སྐྱ་ཐུག་ས་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་རེད། ཁོང་ཧ་ལས་པའི་བླ་མ་ཚད་ལྡན་ཞིག་རེད། ཁོང་གི་ས་ནས་ཇོ་ནང་པར་རྒྱབ་གཉེར་ཕྱག་ཡིག་ལེན་དགོས་ནི་རེད། དེ་བླངས་ན་ས་སྐྱ་པ་ཁ་གྲག་ཐུབ་མཁན་ཞིག་མི་འདུག ས་སྐྱ་པས་ཁོང་ཞེ་དྲགས་རྩི་གིན་འདུག་ཅེས་ལབ་པ་ཡིན།
ཐང་ཚང་དུ་སོང་ནས་ཆུ་ཚ་བོ་ ཞིག་སྐོལ་དུས། མེ་ནེ་སོ་ཀྲ་ནས་བསླེབས་པའི་མི་རྒན་ཞིག་ཡོད་པ་དེས་གློག་སྒུལ་འཕྲུལ་ཆས་ཤིག་ བཀོལ་ནས་རྩམ་པ་འཐག་གིན་འདུག ཁོང་གིས་རང་ལས་ལོ་སུམ་ཅུས་ཆུང་བའི་རྒྱ་གར་གཞིས་ཆགས་ཀྱི་བུ་མོ་ཞིག་དང་མཉམ་ དུ་བཟའ་ཚང་གི་ཡིག་ཆ་བཟོས་རྗེས། བུ་མོ་སྤྱང་པོ་རྒྱ་གར་ནས་ཚུར་ཡོང་དུས་མེ་ནེ་སོ་ཀྲར་མ་འཕུར་བར་ཐད་ཀར་ཉིག་ ཡོར་དུ་འཕུར་འདུག་པས། ངས་ཁོ་ལ་ཁྱེད་ཀྱི་མནའ་མས་ཁྱེད་རང་གཡུགས་པ་མ་རེད། མོས་འཛུལ་སའི་གནམ་གྲུའི་ཨང་གྲངས་ནོར་ནས་ཉིག་ཡོར་ལ་འཕུར་སོང་བ་རེད་ཅེས་རྩེད་ མོ་རྩེད་ཀིན་ཡོད།
སྒེའུ་ཁུང་ལས་སྤྲིན་པ་ ཚོམ་བུ་འགའི་བར་གསེང་ནས་གནམ་སྔོན་པོ་ཏོག་ཙམ་མཐོང་རྒྱུ་འདུག་ཀྱང་གནམ་གཤིས་ ནི་སྔར་བཞིན་གྲང་། ཇ་ལྒ་ཞིབ་བཏགས་ཀྱི་ཕྱེ་མ་བླུགས་པའི་ཆུ་ཚ་བོ་ཞིག་བཏུང་བས་རིམ་བཞིན་ལུས་པོར་ དྲོད་ཏོག་ཙམ་རྒྱས་སོང་། ངོ་ཤེས་འགའ་ལ་ཁ་པར་བཏང་སྟེ་ཚེས་བཅུ་གཉིས་དགོང་དྲོར་འདི་གར་འཛོམས་ནས་འཐེན་ ཐུག་ཞིམ་པོ་ཞིག་འཐུང་ན་ག་འདྲ་འདུག་ཅེས་བརྗོད། ཉིན་འདིར་ཀླུ་སྨྱོན་རྩོམ་རིག་བྱ་དགའ་སུ་ལ་ཐོབ་པ་དེ་ཡང་ཁྱབ་བསྒྲགས་བྱེད་ དགོས་ཀྱི་ཡོད།
དཔེ་མཛོད་ཁང་དུ་སོང་ནས་ བལྟས་ཟིན་པའི་གློག་བརྙན་འོད་སྡེར་དག་ཕྱིར་བསློགས་རྗེས་ཡང་སྐྱར་འོད་སྡེར་ གཞན་པ་གསུམ་གཡར། གཡས་ཕྱོགས་ཀྱི་ཚོང་ཁང་དེ་བ་དམ་དང་འོ་སྤྲི་བསྲེས་པའི་མངར་ཟས་ཤིག་ཉོས། ཉེ་འགྲམ་གྱི་བྱིས་པའི་སློབ་གྲྭ་དེ་གྲོལ་ནས་ཕ་མ་དག་གིས་རང་རང་གི་བྱིས་པ་ཚོ་ རླངས་འཁོར་ནང་དང་རྐང་ཐང་དུ་ཡུལ་ལ་འཁྲིད་བཞིན་འདུག་པས། རང་ཉིད་ཀྱི་བྱིས་པའི་དུས་སྐབས་སྐྱིད་པོ་དང་སྐྱོ་བོ་ཟུང་འབྲེལ་དེ་ཡང་སེམས་ ནང་རིབ་ཙམ་ཤར།
ནང་ལ་འབྱོར་དུས་ཉི་འོད་ སེར་པོ་ཞིག་སེར་སྣ་དང་བཅས་ཤར་ཡོད་ཀྱང་དྲོད་ཚད་ད་དུང་ཧ་ཅང་དམའ་བས་ཚ་གློག་དེ་ མུ་མཐུད་དུ་སྨྱོ་གཏོང་བྱས། གྲོགས་པོ་སྟོབས་རྒྱལ་གྱིས་ཁ་པར་ཡོང་སྟེ་གཟའ་ལྷག་པའི་དགོང་མོར་སྔ་ཙམ་ཡོང་ནས་ འཐེན་ཐུག་བཟོ་རོགས་བྱེད། ད་དུང་ཁོས་ལས་ཀ་བྱེད་སའི་ཚོང་ཁང་དེར་ལུག་ཤ་སྤུས་དག་ཅིག་སྐབས་རེར་འདུག་པས་ གོ་སྐབས་འགྲིགས་ན་རྒྱ་མ་གཉིས་ཙམ་ཉོས་ནས་ཡོང་ཟེར།
དེ་རྗེས་མཚོ་སྔོན་བོད་ སྐད་རླུང་འཕྲིན་ལས་ཧོར་གཙང་ཀླུ་རྒྱལ་གྱིས་ཨ་མདོ་རྔ་བ་དང་རྒྱལ་རོང་། གསེར་རྟ་དང་དར་རྩེ་མདོ་སོགས་སུ་གནས་སྐོར་ལ་སོང་བའི་སྐོར་གྱི་དྲི་བ་དྲི་ལན་ ཞིག་ཉན་ཞིང་། གསེར་རྟའི་མཁན་པོ་བསོད་དར་རྒྱས་ཚང་ལ་ཕྱག་དེབ་བརྒྱད་ཅུ་ཙམ་ཡོད་ཚུལ། དར་རྩེ་མདོ་སོགས་སུ་དགོན་པ་མང་པོ་ཞིག་གི་གྲྭ་གྲངས་ལྡབས་འགྱུར་གྱིས་ཇེ་ཉུང་ དུ་སོང་བའི་གནས་ཚུལ་དང་དེའི་རྒྱུ་རྐྱེན་སོགས་གླེང་སོང་།
ཡང་སྐྱར་གནམ་ངོ་འཁྲིགས་ ཏེ་ཆར་བ་འབབ་བཞིན་འདུག ཆར་བའི་ཀློང་ན་སེར་པོར་འགྱུར་བཞིན་པའི་སྡོང་ལོ་དག་ཤིག་ཤིག་ཏུ་འགུལ་བཞིན་ འདུག་ཅིང་། མི་འགོར་བའི་ལོ་མ་འདི་ཚོ་སེར་པོ་སེར་རྐྱང་དུ་གྱུར་ནས་ཕྱོགས་ངེས་མེད་དུ་ འཕུར་རྒྱུ་རེད། ངས་ལོ་བཅུ་དྲུག་ཡིན་དུས་མི་ཚེའི་ནང་གི་ཆེས་ཐོག་མར་བྲིས་པའི་སྙན་ངག་ཐུང་ཐུང་ དེ་ཡང་སྟོན་ཁའི་ལོ་འདབ་སེར་པོ་འདི་ཚོས་མི་རྟག་རྒྱུད་སྐུལ་བྱེད་པའི་སྐོར་ ཞིག་ཡིན།
ཟ་མ་ཞིག་བཟའ་རུ་འགྲོ་ན་ འདོད་ཀྱང་ཆར་བའི་ཀློང་དུ་འགྲོ་ཐབས་བྲལ། ཧི་མ་ལ་ཡའི་བོན་དྲ་ཚིགས་སུ་སོང་ནས་ག་རྒྱ་འགྲམ་ནག་གི་དགྲ་ཇག་སྐོར་གྱི་ལོ་ རྒྱུས་སྙན་མོ་དེར་བལྟས། ཁྲུས་ཁང་ནང་དུ་འཛུལ་ནས་ཆ་ཚ་བོས་ཁྲུས་ཐེངས་ཤིག་བརྒྱབ་པས་ཉོབ་སྣང་སངས་ཏེ་རེ་ ཞིག་སྐྱིད་སྣང་ཤར། མཚོ་སྔོན་རླུང་འཕྲིན་ལས་ཨ་མདོའི་ལ་གཞས་སྐོར་ཞིག་ལ་ཉན། ལོ་རྒས་ཀིན་རང་གི་ཕ་ཡུལ་གྱི་ལ་གཞས་ལ་ཇེ་དགའ་ཡིན་པ་འདིའི་རྒྱུ་རྐྱེན་མི་ཤེས།
གློག་ཀླད་ནང་གླིང་ཆེན་ ལྔའི་ཞི་བདེ་མཚོན་པའི་ཁ་དོག་ལྔ་ལྡན་གྱི་བྱང་ཆུབ་ལྗོན་ཤིང་གི་ལོ་མ་ཞིག་བྲིས་* པར་ཆུ་ཚོད་གཅིག་ཙམ་འགོར་ཡང་ཅུང་ཟད་འདོད་པ་ཚིམ་པ་ཞིག་བྱུང་། བོན་རྒྱའི་བསྟན་རབ་དང་མཉམ་དུ་གནམ་ཀླད་ནང་རྩེད་མཚར་རེ་བརྗོད།
མུན་ཁྲོད་ནས་ལམ་ཚིགས་ གཉིས་ཀྱི་ས་རུ་ཡོད་པའི་ཚོང་ཁང་ཞིག་ཏུ་སོང་སྟེ་བག་ལེབ་ཅིག་དང་སིལ་བུར་གཏུབས་ ཟིན་པའི་ཤ་ཞིག་ཉོས་ཡོང་སྟེ་དགོང་ཟས་སྟབས་བདེ་ཞིག་བཟོས། བརྙན་འཕྲིན་ལས་ཨ་རིའི་སྤྱི་ལོ་༡༨༡༢ལོའི་དམག་འཁྲུག་གི་སྐོར་ཞིག་སྟོན་བཞིན་ འདུག 
*ཉིན་ཐོ་འདིའི་སྒང་དུ་བཞག་ཡོད་པའི་ལོ་མའི་རི་མོ་དེ་ཡིན། 

0 བསམ་ཚུལ་འདོན་པ།:

Post a Comment