ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Saturday 31 December 2011
  http://www.tibettimes.net/upload/blogs/image.aspx.jpg
གུང་གསེང་སྨན་ཇ་ཞེས་པའི་ཇ་ཞིག་འཐུང་བཞིན་ཝི་ཐི་ནམ་ནས་ཡིན་པའི་ནང་པའི་སློབ་དཔོན་སྙན་གྲགས་ཅན་ཐིག་ན་ཧན་གྱི་དེབ་གྲགས་ཅན་<<ནང་དུ་འགྲོ ཡེ་ཤུ་དང་སངས་རྒྱས་གཉིས་སྤུན་མཆེད་འདྲ་>>ཞེས་པའི་དེབ་དེའི་མགོ་ནས་ཤོག་ལྡེབ་བཞི་ལྔ་ཙམ་བཀླགས་ཚར་དུས། ཁ་པར་གྱི་སིལ་སྒྲ་ཞིག་མདུན་ཅོག་གི་ཟུར་ཞིག་ནས་གྲག་ཡོང་
རིན་པོ་ཆེ། ཁྱེད་རང་སྐད་གྲགས་ཆགས་འདུག་ཟེར།
ག་རེ་བྱས་ནས།
རྩོམ་པ་པོ་གྲགས་ཅན་མ་ཡེ་ཁལ་གྱིས་ཁྱེད་རང་ལ་བཅར་འདྲི་བྱས་པའི་ཆེད་རྩོམ་དེ་འཛམ་གླིང་གི་ནང་པའི་དུས་དེབ་སྙན་གྲགས་ཅན་<<ཤམ་བྷ་ལའི་ཉི་མའི་>>སྟེང་དུ་བཀོད་འདུག་ཟེར།
གཟའ་འཁོར་གཅིག་གི་དགོང་མོ་ཞིག་ལ་ཡང་འདི་ལྟར་རང་གི་སློབ་མ་ཞིག་གི་ཁ་པར་ཡོང་ནས་ཁྱེད་རང་སྐད་གྲགས་ཆགས་འདུག གང་ཡིན་ཟེར་ན་ས་གནས་རླུང་འཕྲིན་ཁང་ཞིག་ཏུ་མ་ཡེ་ཁལ་གྱིས་ཁོའི་བཅར་འདྲའི་སྐབས་ཁྱེད་རང་ཚར་མང་པོ་གླེང་སོང་ཟེར།


མ་ཡེ་ཁལ་ནི་<<གཤིན་པོར་བཅར་འདྲི་>>ཞེས་པའི་དཔེ་དེབ་ཅུང་གྲགས་ཆེན་དེའི་རྩོམ་པ་པོ་རེད་ལ། ཁོས་དེབ་དེིའི་འཛམ་གླིང་སྟེང་སྙན་གྲགས་ཆེ་བའི་སྐྱེ་བོ་གཤེགས་ཟིན་པ་བཞི་བཅུ་ཞེ་ལྔ་ལ་བཅར་འདྲི་བྱས་པའི་སྐོར་བཀོད་ཡོད་ཅིང་། དེའི་ཁྲོད་དུ་སྟོན་པ་སངས་རྒྱས་ཀྱང་འདུག
གྲོགས་པོ་ཇེ་ཧྥུས་ཚོང་ཁང་ནང་ནས་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་འདོན་ཐེངས་དང་པོའི་<<ཤམ་བྷ་ལའི་ཉི་མ་>>ཞེས་པའི་དུས་དེབ་དེ་ཉོས་ནས་ཡོང་སྟེ་ཁོ་བོའི་མིང་དང་ཁོ་བོས་བརྗོད་པའི་སྐད་ཆ་དག་དུས་དེབ་གྲགས་ཅན་འདི་བརྒྱུད་དེ་འཛམ་གླིང་གི་མཐའ་དབུས་གང་སར་ཁྱབ་པར་རྟེན་འབྲེལ་ཞུས་སོང་ལ། སང་ཉིན་རྒྱ་གར་དུ་དུས་དབང་ཞུ་རུ་འགྲོ་རྒྱུ་ཡིན་པའི་གྲོགས་པོ་རིག་འཛིན་གྱིས་དུས་དེབ་འདི་གཅིག་ཉོས་ཏེ་གནམ་གྲུའི་ནང་ནས་ཀློག་རྒྱུ་ཡིན་ཟེར།
ཐེངས་འདིའི་<<ཤམ་བྷ་ལའི་ཉི་མའི་>>མདུན་ཤོག་གི་ངོས་སུ་སློབ་དཔོན་ཐིག་ན་ཧན་གྱི་འདྲ་པར་ཆེན་པོ་ཞིག་འདུག་ཅིང་། དེའི་ཟུར་དུ་དེབ་འདིའི་ནང་གི་རྩོམ་ཡིག་གནད་ཡོད་ཁག་ཅིག་གི་མིང་ཟུར་འདོན་བྱས་པའི་ཁྲོད་དུ་ཁོ་བོར་བཅར་འདྲ་བྱས་པའི་ལེ་ཚན་”སྐད་ཆ་ངན་པ་མི་བཤད་པ། ཅིར་སྒྲ་ངན་པ་མི་སྒྲོག་པ་”ཞེས་པ་དེ་ཡང་བཀོད་འདུག་ལ། རྩོམ་ཡིག་རིང་པོ་དེའི་མགོ་བརྗོད་དང་མཉམ་དུ་རྩོམ་པ་པོ་དང་ཁོ་བོ་གཉིས་ཀས་ཇ་འཐུང་བཞིན་བགྲོ་གླེང་བྱེད་པའི་རི་མོ་ཧ་ཅང་འདྲ་ཆགས་པོ་ཞིག་བྲིས་འདུག བཅར་འདྲིའི་རྩོམ་ཡིག་འདི་ནི་ཚིག་རྩུབ་ཀྱི་ཉེས་དམིགས་དང་ངག་བཅད་ཀྱི་ཕན་ཡོན་བརྗོད་པ་ཞིག་རེད། རྩོམ་པ་པོས་ཁོང་ཆུང་མ་དང་མཉམ་དུ་ཁ་རྩོད་མང་པོ་ཤོར་ཏེ་དཀའ་རྙོག་དང་འཕྲད་པའི་སྐབས་སུ་ཁོ་བོ་སྡོད་སར་ཡོང་སྟེ་ཐེངས་གཉིས་ལ་ཇི་ལྟར་བྱས་ནས་ཚིག་རྩུབ་འགོག་སྟངས་དང་དེང་རབས་ཀྱི་འཕྲུལ་ཆས་གློག་ཀླད་སོགས་དང་མཉམ་དུ་ཆུ་ཚོད་དམ་འཛིན་བྱེད་ཐབས་སྐོར་བཅར་འདྲི་བྱས་ཤིང་། བཅར་འདྲི་དེའི་རྗེས་སུ་ཁོས་ངས་ཁོ་ལ་ཇི་ལྟར་གདམས་པ་དེ་ལྟར་ལག་ལེན་བྱས་ནས་ཕན་ཐོགས་ངེས་ཅན་ཞིག་བྱུང་བའི་སྐོར་བྲིས་ཏེ་ས་གནས་ཀྱི་བདུན་རེའི་ཚགས་པར་ཞིག་གི་སྟེང་དུ་བཀོད་པ་དང་། རྗེས་སུ་དེ་སྐད་གྲགས་འདྲ་ཞིག་ཆགས་ཏེ་<<ཤམ་བྷ་ལའི་ཉི་མ་>>དུས་དེབ་སྟེང་སྐྱར་འགོད་བྱས་པ་ཞིག་རེད།
གང་ལྟར་འདི་ལོར་ངའི་སྐོར་ནས་གློག་བརྙན་བཟོ་གི་ཡིན་ཟེར་མཁན་དང་བཅར་འདྲི་བྱེད་ཀི་ཡིན་ཟེར་མཁན་རེ་ཟུང་བྱུང་སོང་མོད། ང་ནི་ད་དུང་སྔར་མུས་ཀྱི་ང་སྟེ་ཅི་ཡང་མི་ཤེས་ཤིང་གང་ཡང་མི་འཇོན་པའི་སྨྱོན་པ་ཉི་མར་ལྡེ་མཁན་དེ་མ་གཏོགས་སུ་དང་གང་ཡང་མ་ཡིན་ནོ།།

0 བསམ་ཚུལ་འདོན་པ།:

Post a Comment