ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday 10 February 2012

རྩོམ་པ་པོ་བཙན་རྒོལ་རྒྱལ་སྐྱོབ།

---
ཁ་སང་དེ་རིང་།
ནམ་ལངས་དུས་མེ་ཞེས་པའི་ཐ་སྙད་འདི་མཐོང་ཡོང་ལ།
ས་རུབ་དུས་ཀྱང་མེ་ཞེས་པའི་ཐ་སྙད་འདི་མཐོང་ཡོང་།
འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དར་བའི་ལོ་རྒྱུས་ཆེན་མོའི་ནང་།
མེ་གསར་རྙེད་བྱུང་བ་དེས་དུས་རབས་ཤིག་གི་དཀྱོགས་མཚམས་ཕྱེས་པར་བརྗོད་ལ།
མེའི་འོད་སྣང་ལ་བཅར་བ་དེས་རིགས་རྒྱུད་ཅིག་གི་ལོ་རྒྱུས་དེ་མུ་ནས་མུ་རུ་མཐུད་ཐུབ་སོང་བར་ཡང་གྲགས།

ལོ་འགའི་སྔོན་ཏེ་ཉིས་སྟོང་ཐིག་བརྒྱད་ལོར།
ང་ཚོས་མེ་ལ་ངོ་རྒོལ་བྱས་པ་མ་ཡིན་ནམ།
དེ་དུས།
མེ་དེ་འདྲེ་མེ་ཅི་བཞིན་སྔོ་ལྷང་ལྷང་དུ་འབར་བཞིན་ཡོད་ཅིང་།
མེ་དེ་གསོད་ཕྱིར་བོད་མི་ཚོས་འཛམ་གླིང་གང་སར་མེ་དེ་ལ་རྗེས་འདེད་དྲག་པོ་བཏང་།

མེ་དེ་རྒྱ་ལག་ནས་འཕྲོག་ཆེད་བོད་མི་མང་པོ་ཞིག་ལ་ཕྱི་གླིང་ཉེན་རྟོག་པའི་རྒྱུགས་རྡུང་ཡང་རག་མྱོང་།

གང་ལྟར་མཐའ་མར་མེ་དེ་ཤི་མ་གསོན་དུ་པེ་ཅིན་ལ་བསླེབས་དུས།
ཡི་དྭགས་ཀྱི་གདོང་མདོག་ཁུར་བའི་རྒྱ་མི་དུང་ཕྱུར་མང་པོ་ཞིག་གིས་མེ་དེའི་དྲི་ངད་ལ་སྣོམ་བཞིན།
མེ་དེའི་སྐྱི་གཡའ་བའི་འོད་སྣང་སྔོ་ལྷང་ལྷང་དེའི་ཁྲོད་དུ་དགའ་འབོད་དང་མིག་ཆུ་གཏོར།
མེ་དེ་ཤི་ནས་ཡུན་རིང་ཙམ་འགོར་སོང་ཡང་།
མེ་དེས་རྐྱེན་བྱས་ནས་མེ་ལྕེ་གཞན་ཞིག་ཀྱང་འབར་མགོ་བརྩམས་སོང་།
མེ་དེ་ནི་ལོ་ངོ་ལྔ་བཅུར་བསྐྱིལ་བའི་སྡུག་བསྔལ་དང་ཞེ་འཁོན་གྱི་སྣུམ་ནག་ཁོལ་མ་ལས་འབར་བ་ཡིན་པས།
མེ་དེ་ཡིས་པེ་ཅིན་མཁར་དང་ལྕགས་རི་རིང་པོ་སོགས་རྒྱ་ནག་གི་ལོ་རྒྱུས་མཚོན་པའི་གནའ་ཤུལ་མཐའ་དག་ཀྱང་འབར་ཆོག་ཆོག་ཅིག་ཏུ་བསྒྱུར་ཅིང་།
མེ་དེ་ནི་བསྐལ་བ་སྟོང་དུ་རྙེད་དཀའ་བའི་མགོ་ནག་བོད་པའི་མི་ལུས་ཀྱི་སྟེང་ནས་འབར་བ་ཞིག་ཡིན་པས།
མེ་དེ་ཡི་ཀློང་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་དཔའ་བོ་སྟག་སྒྲ་ཀླུ་ཁོང་སོགས་ཀྱི་དཔའ་སྤོབས་ཀྱང་རྙེད་ཆོག་ཆོག་ཅིག་ཏུ་སྣང་།
མེ་དེ་གངས་རིའི་རྩེ་མོ་ནས་འབར་སོང་བས།
མེ་དེ་ཡི་གཟི་བྱིན་གྱིས་གནམ་སྔོན་པོ་འདི་འོད་ཀྱིས་བཀང་སོང་ལ།
མེ་དེ་རྨ་འབྲིའི་ཁུག་སོ་ནས་འབར་སོང་བས།
མེ་དེ་ཡི་ལོ་རྒྱུས་ཀྱིས་ས་ཆེན་པོ་འདི་ངར་གྱིས་གཤགས་སོང་།
ཁ་སང་འབར་བའི་མེ་དེ་ང་ཚོའི་ཕ་མེས་ཚོས་སྦར་བའི་མེ་ཞིག་ཡིན་ལ།
དེ་རིང་སྤར་བའི་མེ་དེ་ང་ཚོའི་དཔའ་རྒོད་ཚོས་སྤར་བའི་མེ་ཞིག་ཡིན་ཞིང་།
སང་ཉིན་འབར་བའི་མེ་དེ་ཡང་ང་ཚོའི་སྤུན་ཟླ་ཚོས་སྦར་བའི་མེ་ཞིག་ཡིན་པས།
མུ་ནས་མུ་རུ་འབར་བའི་མེ་ལྕེ་དེ་དག་ང་ཚོའི་གཟི་བརྗིད་ཡིན།
དུས་དང་དུས་སུ་འབར་བའི་མེ་ལྕེ་དེ་དག་ང་ཚོའི་ཚེ་འབར་ཡིན།
ང་ཚོའི་མེ་ལྕེ་རེ་རེ་ཡིས་ང་ཚོའི་སྙིང་སྟོབས་མཚོན་ཐུབ་ལ།
ང་ཚོའི་མེ་ལྕེ་རེ་རེ་ཡིས་ང་ཚོའི་སྙིང་རྗེ་མངོན་ཐུབ།
མེ་ལྕེ་འདི་ནི་རྒྱ་བོད་གཉིས་བར་གྱི་སྐད་ཆ་ཡིན་ལ།
མེ་ལྕེ་འདི་ནི་མི་རིགས་གཉིས་བར་གྱི་ལོ་རྒྱུས་ཀྱང་ཡིན།
མེ་དེའི་ཚེ་སྲོག་སྐྱོབ་དགོས་ན་ང་ཚོ་རེ་རེ་བཞིན་མེ་དེའི་ནང་དུ་མཆོང་དགོས་ཤིང་།
མེ་དེའི་ལོ་རྒྱུས་རྫོགས་དགོས་ན་ང་ཚོ་རེ་རེ་བཞིན་མེ་དེར་སྐྲག་ནས་འདར་དགོས།

*འདྲ་པར་གྱི་འབྱུང་ཁུངས་ཨེ་ཕེ་གསར་ཁང་།

0 བསམ་ཚུལ་འདོན་པ།:

Post a Comment