ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Saturday 9 April 2011


སྐྱོ་གདུང་དྲག་པོའི་ཟུག་རྔུ་དང་ལྷན་དུ་དཔྱིད་མགོའི་མེ་ཏོག་གི་འདབ་མ་འཐོར་དུས།
ཁྱེད་ལ་དགུན་ཟླ་རིང་མོ་ཞིག་གི་དུས་ཡུན་ལ་བསྒུགས་པའི་སྡུག་ཡུས་དང་མཉམ་དུ།
སྙིང་གསེང་ནས་བརྡོལ་བའི་མཆི་མའི་བཞུར་རྒྱུན་རེ་རེ་ནི།
མི་ཚེ་གཅིག་གི་ཆེས་དཀའ་སྡུག་ཅན་གྱི་ལོ་ཟླ་དང་འདྲ་ཞིང་།
འདས་པའི་ཟླ་ཤས་རིང་དཔྱིད་མགོའི་མེ་ཏོག་གི་འདབ་མ་བཞད་རྒྱུར་བསྒུགས་པ་འདི་ཡང་།
རྒྱང་རིང་གི་སྙིང་སྡུག་ཅིག་ལ་རེ་སྒུག་བྱེད་པ་ལས་ཀྱང་འཁྱོལ་ཐབས་མེད་པའི་དུས་ཚིགས་ཤིག་རེད་ཨང་།
ཐ་ན་རྨི་ལམ་ནང་དུ་ཡང་ལན་དུ་མར་ཤིང་སྡོང་དེའི་རྩ་རུ་བརྒྱུགས་ཤིང་།
དཔྱིད་མགོའི་མེ་ཏོག་གི་འདབ་མ་རེ་ཨེ་མཐོང་གི་རེ་སྒུག་བྱས་པ་དག་ཉིན་ཐོའི་ངོས་སུ་ཁེངས་འདུག
ས་བོན་མང་པོ་ཞིག་གིས་གསོན་ཤུགས་ངོམ་སྟེ་ས་ཁར་འབུས་ཤིང་།
མེ་ཏོག་མང་པོ་ཞིག་གི་ལང་ཚོ་འབར་ཏེ་འདབ་མ་བཞད་སོང་།
ཡིན་ན་ཡང་ཆེས་མཛེས་སྡུག་ལྡན་པའི་དཔྱིད་མགོའི་མེ་ཏོག་དེ་དག
ཉེ་ཆར་བར་དུ་ནམ་ཡང་འཛུམ་རྒྱ་གྲོལ་མ་སོང་ཨང་།
གཟའ་འཁོར་གཅིག་གི་སྔོན་དུ།
ཉི་མ་དྲོ་ཞིང་དཔྱིད་རླུང་འཇམ་པོར་ལྡང་བའི་ཉི་མ་དེར།
གཞི་ནས་དཔྱིད་མགོའི་མེ་ཏོག་རེ་རེ་བཞིན་མཛེས་སྡུག་ལྡན་པའི་ངང་བཞད་སོང་།
ཉི་འོད་འོག་ཏུ་དེ་དག་ནི་ངོ་མ་རྣམ་ཤེས་ཁྱུ་གཅིག་དང་འདྲ་བར།
འཇིག་རྟེན་འདིའི་མཛེས་སྡུག་གི་རྨི་ལམ་ཟབ་མོ་ཞིག་གི་གཏིང་དུ་བཞད་འདུག
ཞོགས་པ་རེ་རེ་བཞིན་ངས་མེ་ཏོག་འདི་ཚོའི་དྲི་མ་ཞིམ་པོ་དེ་སྣོམ་ཐེངས་རེ་རེར།
ང་ལ་རང་བྱུང་ཁམས་ཆེན་པོའི་དྲི་མེད་ཀྱི་བརྩེ་དུང་གི་བསྡུས་གཟུགས་ཤིག་ལ་འཐམ་འཁྱུད་བྱེད་དུ་བཅུག་ཅིང་།
རླུང་བུ་ལྡང་ཐེངས་རེ་རེ་བཞིན་དཔྱིད་མགོའི་མེ་ཏོག་གི་འདབ་མ་ས་རུ་བྲུལ་བ་མཐོང་ཐེངས་རེ་རེར།
ངའི་སྙིང་གསེང་ནས་ཕངས་སེམས་དྲག་པོ་ཞིག་གིས་འཕག་འཚག་དྲག་ཏུ་རྒྱག་ཅིང་།
འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ལ་བསམ་ཐེངས་རེ་རེ་བཞིན།
ངས་མཛེས་སྡུག་ལྡན་པའི་དཔྱིད་མགོའི་མེ་ཏོག་གི་ཆར་བ་དེའི་འབབ་སྲོལ་ལ་ཅེར་ནས་མི་འདུག་ཀ་མེད་དུ་གྱུར་ཅིང་།
ལྗོན་པ་རེ་རེའི་འཁྲིས་སུ་མེ་ཏོག་གི་འདབ་མ་གྲངས་མེད་ཅིག་གར་སར་འཐོར་བ་མཐོང་ཐེངས་རེ་རེ་བཞིན།
ངས་སྐྱེ་རྒ་ན་འཆིའི་གོ་རིམ་བརྒྱུད་དགོས་པའི་རང་བྱུང་གི་སྐྱེ་དངོས་འདི་དག་ལ་གདུང་སེམས་ཀྱི་མཆོད་པ་རེ་ཡང་མི་འབུལ་ཀ་མེད་རེད། 
གོང་གི་པར་འདི་ཁོ་བོས་རང་ཉིད་སྡོད་སའི་ཉེ་འཁོར་གྱི་ལམ་ཁ་ཞིག་ནས་འཆམ་འཆམ་བྱེད་དུས་སུ་བརྒྱབ་པ་ཡིན། 

0 བསམ་ཚུལ་འདོན་པ།:

Post a Comment