ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Saturday 21 January 2012

   ང་ཡང་ཆུང་དུས་ནས་བོན་པོ་ཞེས་པའི་མིང་དེ་གོ་མྱོང་ཡང་བོན་ལ་ཆ་རྒྱུས་མེད། ཅུང་ཟད་ཅིག་ཐོས་པ་ནི་བོན་པོ་ཚོས་མཐུ་དང་ནུས་པས་མི་བསྲུན་པ་ཚར་གཅོད་པར་བྱེད་ པ་དེ་ཙམ་ཡིན་པས་བོན་པོ་ཚོར་སྐྲག་གི་ཡོད། དཔེར་ན་དགོང་མོ་ཞིག་ལ་ཨ་ལགས་གཡུང་དྲུང་ཚང་དང་ངེད་གཉིས་རྫོང་གི་མགྲོན་ཁང་ ཞིག་ཏུ་མཉམ་དུ་ཁེལ་སོང་བས། ངས་ཁོང་གིས་ང་ལ་གནོད་པ་གཏོང་རྒྱུར་སྐྲག་ནས་མགྲོན་ཁང་བརྗེས་པ་ཡིན་ལ། ངའི་སྤུན་མཆེད་ཅིག་གི་ཁ་ལ་ཉན་ནས་ཨ་ལགས་ཁོང་ལ་སྐུར་འདེབས་ཞུས་པས་དགོང་མོ་ དེར་རྨི་ལམ་ནང་ཨ་ལགས་ཁོང་གི་མཆོད་ཁང་ནང་དུ་སྐུ་འདྲ་ལག་པ་མང་པོ་ཅན་ཞིག་གིས་ གཡོ་འགུལ་སྣ་ཚོགས་བྱེད་བཞིན་འདུག་པ་མཐོང་སྟེ་རང་ཉིད་གཉིད་མ་སད་ཅིག་ཏུ་གནས་ ཀྱང་གཟུགས་པོར་སྒུལ་སྐྱོག་བྱེད་མ་ཐུབ་པར་དཀའ་ལས་ཧ་ཅང་ཁག་པོ་བྱུང་། དེ་ནས་བཟུང་སྟེ་བོན་པོའི་བླ་མ་ཚོར་མཐུ་དང་ནུས་པ་ཡོད་པར་ཡིད་ཆེས་སོང་། ངའི་ཕ་ཡུལ་གྱི་མི་རྣམས་དགེ་ལུགས་པ་དང་རྙིང་མ་ཕྲན་བུ། ལོ་རེར་བོན་པོའི་སྔགས་པ་དག་གདན་དྲངས་ནས་སྐུ་རིམ་སྒྲུབ་ཀི་རེད། དེར་ཡང་ངའི་སྤུན་མཆེད་ཅིག་གིས་ངོ་ལོག་མང་པོ་བརྒྱབ་སོང་ལ་ངས་ཀྱང་དེ་ལ་དགག་ བྱ་མ་བྱས། ངའི་བླ་མ་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཚང་ནི་སྐུ་ཚེ་གང་བོར་གྲུབ་མཐའ་རིས་ མེད་ལ་ཕྱོགས་ལྷུང་མེད་པར་དག་སྣང་ཁོ་ནའི་ངང་བཞུགས་མཁན་ཞིག་ཡིན་པས། ཁོང་གི་སྐུ་མདུན་ནས་བོན་པོ་དག་ལ་གཤེ་སྐུར་གྱི་ཚིག་གཅིག་ཀྱང་ནམ་ཡང་ཐོས་མ་ མྱོང་།
Wednesday 18 January 2012


བོད་ཁ་བ་ཅན་གྱི་ཡུལ་ལྗོངས་ནས།

གནས་ངེས་མེད་ས་མཐར་འཁྱམ་པའི་དུས།

ངས་དྲན་ཆེན་ཨ་མ་དྲན་པའི་གླུ།

དུས་དེ་རིང་སྙིང་གི་དཀྱིལ་ནས་ལེན།




དབྱར་མེ་ཏོག་ཤར་དུས་ཨ་མ་དྲན།

སྟོན་འབྲུ་དྲུག་སྨིན་དུས་ཨ་མ་དྲན།

དགུན་ཁ་བ་འབབ་དུས་ཨ་མ་དྲན།

དཔྱིད་འཁྱག་པ་ཞུ་དུས་ཨ་མ་དྲན།



ང་གཅིག་པོར་སྡོད་དུས་ཨ་མ་དྲན།

མི་མང་པོའི་དཀྱིལ་ནས་ཨ་མ་དྲན།

ཟས་ཞིམ་པོ་བཟའ་དུས་ཨ་མ་དྲན།

ཇ་ཞིམ་པོ་འཐུང་དུས་ཨ་མ་དྲན།



གནམ་སྔོན་པོ་མཐོང་དུས་ཨ་མ་དྲན།

སྤིན་དཀར་པོ་མཐོང་དུས་ཨ་མ་དྲན།

རི་མཐོན་པོ་མཐོང་དུས་ཨ་མ་དྲན།

མཚོ་ཆེན་པོ་མཐོང་དུས་ཨ་མ་དྲན། 



གསེར་ཉི་མ་ཤར་དུས་ཨ་མ་དྲན།

དུང་ཟླ་བ་ཚེས་དུས་ཨ་མ་དྲན།

དགུང་སྐར་ཚོགས་རིག་དུས་ཨ་མ་དྲན།

ཤིང་ལོ་མའི་དཀྱིལ་ནས་ཨ་མ་དྲན།



ངས་ཡར་ལ་ལངས་དུས་ཨ་མ་དྲན།

ངས་ལས་ཀ་ལས་དུས་ཨ་མ་དྲན།

ངས་ནང་ལ་ལོག་དུས་ཨ་མ་དྲན།

ངས་རྨི་ལམ་ནང་དུ་ཨ་མ་དྲན།



ངས་མེ་འཁོར་ནང་དུ་ཨ་མ་དྲན།

ངས་རླངས་འཁོར་ནང་དུ་ཨ་མ་དྲན།

ངས་གླིང་གའི་ནང་དུ་ཨ་མ་དྲན།

ངས་གང་དུ་སོང་ཡང་ཨ་མ་དྲན།




ས་སྐྱིད་པོ་ཕ་ས་ཕ་ཡུལ་ནས།

ཡུལ་ཐག་རིང་རྒྱལ་ཁམས་འགྲིམ་པའི་དུས།

དྲིན་ཨ་མ་དྲན་པའི་གླུ་ཆུང་ཞིག

མིག་མཆི་མའི་མཉམ་དུ་དེ་རིང་བཞུར།



སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ།

ངའི་ཨ་མ་ཚེ་རིང་ནད་མེད་ཤོག

ངེད་མ་བུ་མཉམ་དུ་འཛོམ་པར་ཤོག

དྲིན་ཨ་མ་མགྱོགས་པོར་མཇལ་བར་ཤོག