ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Saturday 31 December 2011
  http://www.tibettimes.net/upload/blogs/image.aspx.jpg
གུང་གསེང་སྨན་ཇ་ཞེས་པའི་ཇ་ཞིག་འཐུང་བཞིན་ཝི་ཐི་ནམ་ནས་ཡིན་པའི་ནང་པའི་སློབ་དཔོན་སྙན་གྲགས་ཅན་ཐིག་ན་ཧན་གྱི་དེབ་གྲགས་ཅན་<<ནང་དུ་འགྲོ ཡེ་ཤུ་དང་སངས་རྒྱས་གཉིས་སྤུན་མཆེད་འདྲ་>>ཞེས་པའི་དེབ་དེའི་མགོ་ནས་ཤོག་ལྡེབ་བཞི་ལྔ་ཙམ་བཀླགས་ཚར་དུས། ཁ་པར་གྱི་སིལ་སྒྲ་ཞིག་མདུན་ཅོག་གི་ཟུར་ཞིག་ནས་གྲག་ཡོང་
རིན་པོ་ཆེ། ཁྱེད་རང་སྐད་གྲགས་ཆགས་འདུག་ཟེར།
ག་རེ་བྱས་ནས།
རྩོམ་པ་པོ་གྲགས་ཅན་མ་ཡེ་ཁལ་གྱིས་ཁྱེད་རང་ལ་བཅར་འདྲི་བྱས་པའི་ཆེད་རྩོམ་དེ་འཛམ་གླིང་གི་ནང་པའི་དུས་དེབ་སྙན་གྲགས་ཅན་<<ཤམ་བྷ་ལའི་ཉི་མའི་>>སྟེང་དུ་བཀོད་འདུག་ཟེར།
གཟའ་འཁོར་གཅིག་གི་དགོང་མོ་ཞིག་ལ་ཡང་འདི་ལྟར་རང་གི་སློབ་མ་ཞིག་གི་ཁ་པར་ཡོང་ནས་ཁྱེད་རང་སྐད་གྲགས་ཆགས་འདུག གང་ཡིན་ཟེར་ན་ས་གནས་རླུང་འཕྲིན་ཁང་ཞིག་ཏུ་མ་ཡེ་ཁལ་གྱིས་ཁོའི་བཅར་འདྲའི་སྐབས་ཁྱེད་རང་ཚར་མང་པོ་གླེང་སོང་ཟེར།

Tuesday 27 December 2011

---བཀའ་བརྒྱུད་མཁན་པོ་ཚུལ་རྣམ་གྱི་ཉིན་ཐོ་ཞིག་བཀླགས་རྗེས།
མང་ པོ་ཞིག་བློ་ལ་བབས་སོང་། ཕྱུགས་རིགས་འཚོ་སྐྱོང་བྱས་ན་མི་རིགས་ཚར་སོང་བ་འདྲ་བོ་ཞིག་ལབ་འདུག་པ་ནི་ མཐོང་རྒྱ་ཅུང་ཟད་ཆུང་བའི་གཏམ་དུ་མཐོང་། མི་རིགས་ཤིག་གིས་ཕྱུགས་ལས་གཉེར་ཏེ་མི་ཚེ་སྐྱེལ་བའི་ས་ཆར་ཕྱུགས་ལས་དེ་འཚོ་ བའི་གྲུབ་ཆ་གལ་ཆེན་ཞིག་རེད། མི་རིགས་ཤིག་གིས་ཞིང་ལས་གཉེར་ཏེ་མི་ཚེ་སྐྱེལ་བཞིན་ཡོད་ན་ཞིང་ལས་དེ་འཚོ་བའི་ གྲུབ་ཆ་གལ་ཆེན་ཞིག་རེད། མི་རིགས་ཤིག་གིས་ལག་ཤེས་གཉེར་ཏེ་འཚོ་བ་སྐྱེལ་བཞིན་ཡོད་ན་ལག་ཤེས་དེ་གལ་ཆེན་ རེད། མི་རིགས་ཤིག་གིས་སློབ་སྦྱོང་བྱས་ཏེ་དཔེ་ཆའི་ནང་གི་རིག་གནས་གཅིག་པོས་འཚོ་བ་ སྐྱེལ་བཞིན་དེ་ཡང་གལ་ཆེན་རེད། ཨ་རི་ལྟ་བུར་མཚོན་ན་སློབ་གྲྭར་མ་སོང་བའི་བྱིས་པ་ཧ་ལམ་མེད་ཀྱང་། མི་ཕྱེད་ཀས་དཔེ་ཐོག་རིག་གནས་ཀྱིས་ཁ་གསོ་གི་མེད་པར་ཚོང་ཁང་ཟ་ཁང་མགྲོན་ཁང་ སོགས་དཔེ་ཐོག་རིག་གནས་དང་འབྲེལ་བ་དེ་ཙམ་མེད་པའི་ལས་གནས་སུ་འཚོ་བ་སྐྱེལ་གི་ ཡོད་པ་རེད། དེའི་ཕྱིར་ཕྱུགས་འཚོས་ན་མི་རིགས་ཚར་སོང་བའི་ལྟ་བ་འདི་ནི་ཅུང་ཟད་ཆད་མཐར་ ལྷུང་བའི་ལྟ་བ་ཞིག་ཏུ་མཐོང་། རྒྱ་གཞུང་གིས་ཀྱང་དེང་སང་ཕྱུག་རིགས་རྩ་མེད་བཟོས་ཏེ་བོད་པ་ཚོ་གྲོང་ཁྱིམ་གསར་ པ་ཞེས་པ་ཕལ་མོ་ཆེ་ཞིག་མྱ་ངམ་ཐང་དུ་བཟོ་སྐྲུན་བྱས་ཡོད་པའི་ནང་དུ་དེད་དང་ འདེད་བཞིན་འདུག་པས།  གོང་གི་མཁན་པོ་དེའི་སྐད་ཆར་བརྟག་དཔྱད་ཞིབ་འཇུག་ཅིག་བྱས་ན་ངའི་འདོད་བློ་དང་ མི་འཚམ་པ་དེ་ནི་འདིའི་སྐོར་རེད་ལ། ཨ་ཁུ་འབྲོག་པ་རྒྱ་གཞུང་གི་གྲོང་སྡེ་གསར་པའི་སྲིད་བྱུས་ལ་འདོད་མོས་མེད་པ་ ཚོའི་འདོད་པ་ཡང་ང་དང་གཅིག་པ་ཡིན་རྒྱུ་རེད། བོད་མི་རིགས་འདིས་སེམས་རྒྱ་ཡངས་ཤིང་སེམས་ཁྲལ་ཆུང་བའི་འཚོ་བ་ཞིག་ལ་དེ་རིང་ བར་དུ་ལོངས་སུ་སྤྱོད་རྒྱུ་བྱུང་བ་འདི་ཡང་མཐའ་ཡས་པའི་རྩྭ་ཐང་ཆེན་པོ་དང་དེའི་ སྟེང་གི་རྟ་ནོར་ལུག་གསུམ་འཚོ་སྐྱོང་གི་ལས་ཀ་འདི། དེ་བཞིན་མགོ་ཐོག་གི་གནམ་སྔོན་པོ་དེ་དང་ཐག་ཉེ་སའི་རྫ་ཆུ་བསིལ་མ་དེའི་བཀའ་ དྲིན་མིན་ནམ། ངའི་ལྟ་བ་ནི་བོད་པ་ཕྱེད་ཀས་རིག་གནས་སྦྱོང་དགོས་ཀི བོད་པ་ཕྱེད་ཀས་ཕ་མེས་ནས་གཉེར་བའི་ཕྱུགས་ལས་དང་ཞིང་ལས་གཉེར་ཏེ་རང་ས་རང་གིས་ འཛིན་དགོས་ཀི དེ་མིན་མི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་འདི་ལ་ཡང་མཐའ་གཅིག་ཏུ་ཞིང་འབྲོག་ལས་ ཀ་རྐྱང་རྐྱང་གཉེར་འདོད་པའི་རྟག་མཐའ་དང་། ཞིང་འབྲོག་གི་ལས་ཀ་ཡོད་ཚད་བསྐྱུར་ཏེ་སློབ་གྲྭ་དང་གྲོང་ཁྱེར་འགྲིམས་ནས་དཔེ་ ཐོག་རིག་གནས་རྐྱང་རྐྱང་སློབ་དགོས་པར་འདོད་པའི་ཆད་མཐའ་གཉིས་ལས་གྲོལ་བའི་དེང་ རབས་ཤེས་ཡོན་དང་གནའ་རབས་འཚོ་སྟངས་གཉིས་ཀ་ཟུང་དུ་འབྲེལ་བའི་ལམ་བཟང་པོ་ཞིག་ ཡོད་པར་མཐོང་། 
བོད་ཀྱི་རིག་གཞུང་ཞེས་པའི་རླབས་པོ་ཆེ་དེའི་ཕྱེད་ཀ་ཞིང་འབྲོག་རིག་གནས་དང་དེས་བསྐྱེད་པའི་བག་ཆགས་རེད། བོད་ཀྱི་ཞིང་འབྲོག་རིག་གནས་འདི་དོར་ནས་སྔོན་ཐོན་མི་རིགས་ཀྱི་གྲས་སུ་བསྙེག་འདོད་མཁན་ཚོ་ནི་དེང་རབས་རིག་གནས་ཀྱི་ཆད་མཐར་ལྷུང་བའི་མི་སྐོར་ཞིག་རེད། འཚོ་བ་རོལ་སྟངས་ཤེས་ན་བོད་ལ་ས་ཆའི་ཐོན་ཁུངས་དང་མི་རིགས་ཀྱི་བག་ཕེབས་བསམ་བློ་གང་གི་ཆ་ནས་ཀྱང་ཞིང་འབྲོག་རིག་གནས་འདིས་མི་ཆོག་པ་ཅི་ཡང་མེད། དེ་མ་གཏོགས་གསར་ཞེན་གྱི་མིག་ཤེལ་གཅིག་པོའི་ནང་ནས་བལྟས་ན་བོད་ལ་འདོར་འོས་པ་རྐྱང་རྐྱང་མ་གཏོགས་ཀླད་རྙིང་མཁྲེགས་བཟུང་བྱས་ནས་ཉར་འོས་པ་ཅི་ཡང་མེད་པས། ཞོགས་དུང་སོགས་ཀྱང་མིག་ཤེལ་དེས་བསླུས་ཏེ་བག་ཆགས་དོང་སྤྲུགས་སོགས་བརྩམས་པ་རེད། བསམ་ཚུལ་འདིས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁན་པོ་ཁྱེད་ཅག་ལ་ཞེ་སྡང་བ་ དང་གཉིད་མི་ཁུག་པ་རེ་བཟོས་ཡོད་སྲིད་ཀྱང་། དེ་ནི་རང་གི་མི་རིགས་འདིའི་མདུན་ལམ་གླེང་བའི་གཏམ་གྱི་ཁུག་སོ་རེ་རེ་ནས་བྱུང་ བའི་ཁབ་གཙག་འབུག་གཙག་གི་རྩེད་མོ་ཡིན་པས་བཟོད་པར་ཅི་གནང་།
Saturday 24 December 2011





དུས་རབས་ཀྱི་དཀྱོགས་མཚམས་ནས་ཁ་ཕྱོགས་གང་དུ་འཚོལ།
ཁ་བྱང་གི་འགྲེལ།
གསར་བརྗེ་བས་རྙིང་ཞེན་པར་རྒོལ་དགོས་ལ།
རྙིང་ཞེན་པས་གསར་བརྗེ་བར་རྒོལ་དགོས།
དེ་གཉིས་ཀྱི་གཙུབ་བརྡར་ལས་འབར་བའི་མེ་ལྕེ་དེ་ཁོ་ནས།
མི་རིགས་འདི་ད་གཟོད་ཐལ་བར་སྲེག་ཐུབ།
མི་རིགས་འདི་གཞི་ནས་མེད་པ་བཟོ་ཐུབ།


དུས་རབས་ཀྱི་དཀྱོགས་མཚམས་ནས་ཁ་ཕྱོགས་གང་དུ་འཚོལ།
---ཁ་བྱང་གི་འགྲེལ།
གསར་བརྗེ་བས་རྙིང་ཞེན་པར་རྒོལ་དགོས་ལ།
རྙིང་ཞེན་པས་གསར་བརྗེ་བར་རྒོལ་དགོས།
དེ་གཉིས་ཀྱི་གཙུབ་བརྡར་ལས་འབར་བའི་མེ་ལྕེ་དེ་ཁོ་ནས།
མི་རིགས་འདི་ད་གཟོད་ཐལ་བར་བསྲེག་ཐུབ། 
མི་རིགས་འདི་གཞི་ནས་མེད་པ་བཟོ་ཐུབ།
Friday 23 December 2011
དེ་རིང་ནི་ཁོ་བོ་ཨ་ རིར་འབྱོར་ནས་ལོ་ངོ་བཅུ་འཁོར་བའི་ཉིན་མོ་ཡིན་ཞིང་། ཉིན་མོ་འདིར་ཨ་རིའི་རིག་གཞུང་སྣ་མང་གི་ཁྲོད་དུ་ཁོ་བོ་དགའ་མོས་ཡོད་པ་མང་པོ་ ཞིག་ཡོད་པ་དག་རེ་ཞིག་ཟུར་དུ་བཞག་སྟེ། རིག་གཞུང་འདི་དག་གི་ཁྲོད་དུ་ཁོ་བོས་ངོས་ལེན་བྱེད་མི་ཐུབ་པ་ཁག་ཅིག་ཡོད་པའི་ ཁྲོད་ནས་རང་རེས་སྣང་ཆུང་བྱེད་མི་རུང་བའི་དོན་གནད་གཉིས་བརྗོད་རྒྱུ་ཡིན།

དང་པོ་དེ་ནི་ཨ་རིའི་ཐུགས་ རྗེ་ལེགས་འབུལ་གྱི་དུས་ཆེན་སྲུང་རྩི་བྱེད་སྐབས། མི་ཚང་ཕལ་མོ་ཆེས་ཁྲིར་ཁེ་ཞེས་པའི་བྱ་ཆེན་དེའི་ཤ་ཁོག་བཟའ་དགོས་པ་དེ་ཡིན་ ཞིང་། ལོ་རེ་རེ་བཞིན་དུས་ཆེན་འདིའི་སྐབས་སུ་བྱ་ཆེན་དེ་འདྲ་བྱེ་བ་ཁ་ཤས་བསད་དེ་བཟའ་ དགོས་པ་འདི་ནི་ཞིབ་ཏུ་བསམས་ན་ཅུང་འཇིགས་སྐྲག་སྐྱེ་དགོས་པ་ཞིག་ཡིན་པ་དང་། གལ་སྲིད་ལོ་གཅིག་གི་དུས་ཆེན་སྲུང་རྩིའི་སྐབས་སུ་བསད་པའི་བྱ་ཆེན་དེ་དག་ཁྲོམ་ རར་མ་བཀྲམ་གོང་ཕྱོགས་གཅིག་ཏུ་སྤུངས་པ་ཡིན་ན་རི་ཆེན་པོ་ཞིག་གི་ཚད་དུ་ལོངས་པ་ ཞིག་ཡོད་ངེས་ཤིང་། འདི་ལྟར་འགྲོ་བ་མིའི་རིགས་ཀྱིས་ཕན་ཚུན་ལ་ཐུགས་རྗེ་ལེགས་འབུལ་གྱི་དུས་ཆེན་ སྲུང་རྩི་བྱེད་ཆེད། ཉེས་མེད་སྲོག་ཆགས་བྱེ་བ་མང་པོ་དམར་གསོད་བཏང་སྟེ་རྒྱས་བཟའ་རྒྱས་འཐུང་བྱེད་པ་ འདི་ནི་གཞན་གྱི་ཚེ་སྲོག་ལ་རྩི་འཇོག་བྱེད་མཁན་ཞིག་གི་ངོས་ནས་དང་ལེན་བྱེད་མི་ ཐུབ་པ་ཞིག་རེད་ཨང་།


གཉིས་པ་དེ་ནི་ཨ་རིས་གཙོས་ པའི་ནུབ་ཕྱོགས་སྤྱི་ཚོགས་སུ་ཡེ་ཤུའི་སྐྱེ་སྐར་གྱི་སྐབས་སུ་ལོ་མ་ལྗང་ཁུ་ཅན་ གྱི་ཤིང་སྡོང་ཆེ་ཆུང་སྣ་ཚོགས་ཕྱི་རོལ་ནས་བཅད་འོང་ཏེ་ཁྱིམ་དུ་བཤམས་པའི་སྟེང་ དུ་ཁྲ་ཁྲ་སིལ་སིལ་གྱི་རྒྱན་ཆ་སྣ་ཚོགས་འདོག་སྲོལ་འདི་ཡིན་ཞིང་། ཤིང་སྡོང་ནི་འགྲོ་བ་མིའི་རིགས་ལ་གསོ་རླུང་སྤྲོད་མཁན་ཡོད་ན་མེད་ན་ཞིག་ཡིན་ པས། ལོ་རེ་རེ་བཞིན་འཛམ་གླིང་སྟེང་གི་ཡེ་ཤུའི་དུས་ཆེན་སྲུང་རྩི་བྱེད་མཁན་ཚོས་ ཤིང་སྡོང་དུང་ཕྱུར་ལོངས་པ་རེ་བཅད་ནས་རང་ཁྱིམ་དུ་འཁྱེར་བ་འདི་ཡིས་སའི་གོ་ ལའི་གསོ་རླུང་སྦྱིན་མཁན་གྱི་དཀོན་མཆོག་ལྟ་བུའི་སྐྱེ་དངོས་འདི་དག་གི་ཚེ་ སྲོག་གམ་རང་དབང་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་ཞིག་ཡིན་པས། རང་རེ་ནང་པ་དག་གི་ཁྲོད་དུ་ཡང་ཡེ་ཤུའི་དུས་ཆེན་སྐབས་ཁྱིམ་དུ་ཤིང་སྡོང་བཤམ་ མཁན་ཡོད་པ་ཚོས་དོན་དག་འདི་ལ་ཐུགས་སྣང་གནང་དགོས་ཤིང་། སྤྱིར་ན་དུས་ཆེན་འདི་འདྲའི་སྐབས་སུ་ཁྱིམ་ཚང་རེ་རེས་ཤིང་སྡོང་རེ་རེ་གཅོད་ པའི་ཚབ་ཏུ་ཤིང་སྡོང་རེ་རེ་འདེབ་འཛུག་བྱེད་ཐུབ་ན་སའི་གོ་ལ་འདི་སྔོན་མ་ནས་ ལྗང་མདོག་ཅན་གྱི་འཇིག་རྟེན་མཛེས་སྡུག་ལྡན་པ་ཞིག་ཆགས་ཡོད་མེད་ལ་ཐེ་ཚོམ་ཕྲ་ མོ་ཙམ་ཡང་དགོས་ཀྱི་མ་རེད།

Thursday 22 December 2011


ཨ་རིར་འབྱོར་ནས་ལོ་མང་སོང་བ་དང་། །
ཕན་མི་ཐོགས་པའི་ངོ་ཤེས་འགའ་ཡང་ཡོད། །
ད་ནི་སྒྲོ་ལོར་ལྗང་ཁུ་གསོག་དུས་འདིར། །
སོས་དལ་སྐྱིད་ཉལ་བྱེད་མཁན་ཁོ་བོ་ཙམ། །
སྐྱེ་བོ་འདོད་ལྡན་ངན་པ་ཁ་ཅིག་ནི། །
ཉི་མ་ཉིན་གང་ལས་ཀྱིས་ཡོངས་དུབ་ཅིང་། །
ཕྱི་དྲོར་ནང་དུ་ལོག་ནས་ཆད་པའི་ལུས། །
རོ་དང་འདྲ་བར་ཉལ་བར་བྱེད་ཅེས་གསུངས། །*
Tuesday 20 December 2011

---མང་མང་དང་ལྷན་དུ་ཙོང་ཁ་པ་གླེང་བ།
ཙོང་ཁ་ནས་ལམ་ལ་ཆས་པའི་གྲྭ་རྐྱང་འཁྱམ་པོ།
དབུས་གཙང་ནས་སྐད་གྲགས་བཞག་པའི་མཁས་པའི་དབང་པོ།
Saturday 17 December 2011

དངོས་བྱུང་གི་གཏམ་རྒྱུད་ཐུང་ཐུང་ཞིག

དམྱལ་བ་བོ། ད་སོངས། རེམ་མ་སོངས།
ཤག་རོགས་དེ་ཚོ་ཚང་མ་ང་ ལས་ལོ་གསུམ་བཞི་ཙམ་གྱིས་རྒན་པ་ཡིན་ཡང་། ཁོ་ཚོས་སྨག་འདི་ལྟར་ནག་པའི་མཚན་མོ་འདིར་སྡར་མ་སྙིང་ཆུང་གི་ང་རང་སློབ་གྲྭའི་ ཇ་ཁང་གི་སྒེའུ་ཁུང་ཆུང་ཆུང་དེ་ལས་ཅོང་རྡོག་རྐུ་རུ་འགྲོ་དགོས་ཞེས་བཙན་སྐུལ་ བྱས་སོང་
ཟླ་གཅིག་སྔོན་གྱི་ དགུན་ཁའི་མཚན་མོ་ཞིག་ལ་ཡང་ཁོ་ཚོས་འདི་ལྟར་ང་རང་བཙན་གྱིས་ཉལ་ཁང་གི་ལྟག་རྒྱབ་ དེར་ཡོད་པའི་ཞོག་ཁོག་བླུགས་ཡོད་སའི་ས་དོང་དེའི་ནང་དུ་བཙན་གྱིས་བརྫངས་ནས་ཞོག་ ཁོག་རྐུ་རུ་བཅུག་པ་དྲན་ན་ད་དུང་ཤ་འདར་རྒྱག་ཡོང་བ་ཞིག་ཡིན་ཡང་། ཁོ་ཚོའི་གཏུམ་དྲག་གི་གདོང་རིས་རེ་རེ་ལས་གལ་སྲིད་ངས་ཁོ་ཚོའི་ཁ་ལ་མ་ཉན་ན་ལམ་ སེང་གཅར་རྡུང་དྲག་པོ་ཞིག་བྱེད་རྒྱུ་ཡིན་པར་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་འདུག
Wednesday 14 December 2011

---དགོང་དྲོའི་བརྙན་འཕྲིན་ལས་མཛེས་མ་གཅེར་བུ་ཚོས་རྒྱན་གོས་འགྲེམ་སྟོན་བྱེད་པ་ཞིག་ལ་རོལ་རྗེས།
གློག་འོད་ཆེམ་ཆེམ་ནམ་མཁའི་སྐར་ཚོགས་འདྲ། །
ཐལ་མོ་རྡེབ་སྒྲ་འབྲུག་སྟོང་ལྡིར་བ་བཞིན།
མི་སེམས་གཡོ་བའི་རོལ་དབྱངས་དལ་བུར་དཀྲོལ། །
ད་ནི་མཛེས་མ་ཁྱེད་ཅག་བྱོན་རེ་རན། །
རྨི་ལམ་ཅི་བཞིན་སྒྱུ་མའི་ལྟད་མོ་བཞིན། །
རིན་ཆེན་རྒྱན་ཆའི་འོད་ཀྱི་ཀློང་ཞིག་ནས། །
འདོད་པའི་མཆོད་སྡོང་གཅིག་ལ་གཅིག་འགྲན་པའི། །
ངོ་མཚར་མཛེས་མའི་ཁྱུ་ཞིག་དལ་བུར་མངོན། །
གསེར་མདོག་སྐྲ་ལོ་མེ་ལྕེ་འབར་བའི་ཟོལ། །
རི་དྭགས་མིག་ལས་འདོད་པའི་འོད་རབ་འཕྲོ། །
ཞིམ་པའི་མཆུ་སྒྲོས་དམར་ཞིང་སྣུམ་པའི་དབུས། །
འཛུམ་པའི་སོ་ཕྲེང་སྙིང་ཤ་གཏུབ་པའི་མཚོན། །
ཁྱེད་ཀྱིས།
མི་ཡུལ་ནས་མཛེས་སྡུག་གི་རིན་ཐང་དེ་ངོམ་ཆེད།
མཚོ་གཏིང་གི་ཞེན་ཆགས་ཡོད་ཚད་བློས་གཏོང་ནུས་ཀྱང་
འཇིག་རྟེན་གྱི་མི་འདི་དག་གིས།
ཁྱེད་རང་བེད་སྤྱད་དེ་རང་གི་ལང་ཚོ་དང་རྒྱུ་ནོར་ངོམ་རྒྱུ་ཤེས་པ་ཙམ་ལས།
ཁྱེད་ཀྱིས་བློས་བཏང་བའི་རིན་ཐང་མང་པོ་ཞིག་ནམ་ཡང་ཤེས་ཐབས་བྲལ།
Saturday 10 December 2011
                               

ཁ་སང་། ས་གཞི་ཡོངས་རྫོགས་མུན་ནག་གིས་ཟིན་ཅིང་། བོད་ཀྱི་གངས་རི་རེ་རེ་བཞིན་ཐག་ཉེ་རིང་གང་ནས་བལྟས་ཀྱང་མཐོང་མི་ཐུབ་པར་གྱུར། ཉི་མ་ནུབ་ཕྱོགས་སུ་ཕེབས་པ་དང་། ཟླ་བ་ཤར་ཕྱོགས་སུ་ལུས་པས། ཕོ་བྲང་པོ་ཏ་ལའི་དབུ་རྩེ་ཡང་མུན་ནག་གི་ཁྲོད་དུ་དབུགས་རིང་འཐེན་བཞིན་ཡོད། བར་སྐོར་དུ་མདོ་དབུས་ཁམས་གསུམ་གྱི་གནས་སྐོར་བ་ཁྲི་སྟོང་གི་འཚང་ཁ་ཇི་འདྲས་ཆེ་ཡང་། མུན་ཁྲོད་དུ་ཁོ་ཚོས་ཕྱོགས་གང་ཞིག་ཏུ་ཇོ་བོ་ཡིད་བཞིན་ནོར་བུ་བཞུགས་ཡོད་མེད་ཙམ་ཡང་ཤེས་དཀའ། བོད་ཡུལ་ཧྲིལ་བོ་འདི་ཤོག་ངོས་ནག་པོའི་སྟེང་དུ་སྣག་ཚ་ནག་པོས་བྲིས་པའི་ལོ་རྒྱུས་ཤིག་ཏུ་གྱུར་ཡོད།
དེ་རིང་། ཉི་མ་བགྲེས་སོང་ཞིག་ནུབ་ཕྱོགས་ཀྱི་མཁའ་མཐའ་རུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཚམས་སྤྲིན་སྙིང་རྗེ་བོ་ཞིག་གི་ཀློང་དུ་འོད་སྟོང་འགྱེད་འཕྲོ་དང་བཅས་མཐོང་ཐུབ་ཅིང་། དེས་གཤགས་པའི་མཁའ་ལམ་ཧྲིལ་བོར་ངོ་མཚར་དང་མཛེས་སྡུག ཞི་བདེ་དང་དྲོད་སྣང་གིས་ཁྱབ་བསྡད་ཡོད་ཅིང་། དེའི་འོད་ཟེར་གྱི་ཀློང་ན་ལོ་རྒྱུས་ཀྱི་དྲན་རྟེན་དུ་གྱུར་པའི་ཕོ་བྲང་པོ་ཏ་ལ་ཡང་མཐོང་ཙམ་ཡལ་ཙམ་བྱེད་པ་དང་། བར་སྐོར་གྱི་མཇལ་སྐོར་བ་ཚོས་ཀྱང་ཇོ་ཁང་གི་སྒོ་རྙེད་ཙམ་རླག་ཙམ་བྱེད་བཞིན་ཡོད། དུས་ཚོད་འཁོར་སྐྱོད་ཆོས་ཉིད་བཞིན་བྱས་ན་ཟླ་བ་ཞིག་ཤར་ཕྱོགས་ནས་འཆར་དགོས་པའི་དུས་སུ་བསླེབས་ཟིན་མོད། ཆ་ཤས་ཡོངས་སུ་རྫོགས་ཟིན་པའི་ཟླ་བ་དེ་རྒྱང་རིང་གི་མུན་ཁྲོད་ཅིག་ཏུ་ལུས་བསྡད་ཡོད་སྐད།

སང་ཉིན། དུས་ཚོད་ཀྱི་དབང་གིས། ཆོས་ཉིད་ཀྱི་རྐྱེན་གྱིས། དྲོད་ཁོལ་འཛོམས་པའི་ཉི་མ་དེ་ཡང་ནུབ་ཕྱོགས་ཀྱི་མཁའ་དབྱིངས་ནས་ཡལ་སྲིད་ཅིང་། ས་གཞི་ཧྲིལ་བོ་འདི་སླར་ཡང་མུན་ནག་གིས་ཁེངས་སྲིད་པས། རྒྱང་རིང་གི་སྐར་ཚོགས་ལྟ་བུའི་བོད་མི་རེ་རེས། རང་ཉིད་ཀྱང་མཚན་མོའི་ཚེ་སྲོག་ཏུ་གྱུར་པའི་སྐར་མ་འོད་ཆེན་ཞིག་ཡིན་པའི་ངེས་ཤེས་དང་། སྐར་མ་ཆུང་ཆུང་ཞིག་གི་འོས་འགན་དེ་གང་ཡིན་ངོས་ཟིན་རྒྱུ་དེ་ཧ་ཅང་གལ་ཆེ་བ་དང་། སྟོང་ཁམས་ཆེན་པོ་འདི་ནས་རང་ཉིད་ཀྱི་སྐར་མའི་ཁྱིམ་རྒྱུད་མཛེས་སྡུག་ལྡན་པ་ཞིག་བསྐྲུན་རྒྱུ་དེ་ནི་ང་ཚོ་ལས་དབང་གཅིག་པའི་སྐར་མ་འོད་ཆེན་དག་གི་མ་འོངས་པའི་དམིགས་འབེན་མ་ཡིན་ནམ། ང་ཚོ་སྐར་མ་ཡོད་ཚད་མཉམ་གཅིག་ཏུ་བསྡུས་ཏེ་ད་ལྟའི་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་མེ་ལྟར་འབར་བཞིན་པའི་ཉི་མ་བགྲེས་པོ་དེའི་ཚབ་བྱེད་ཐུབ་པའི་ཉི་མ་གསར་པ་ཞིག་བྱེད་རྒྱུ་ནི་ང་ཚོའི་འགན་ཁུར་མ་རེད་དམ། ང་ཚོ་ཉི་མ་གསར་པ་ཞིག་ཏུ་གྱུར་པ་དེའི་འོད་སྣང་གི་ཀློང་ནས་ང་ཚོས་མང་པོའི་རིང་བརླགས་ཟིན་པའི་འོད་ལྡན་ཟླ་བ་དེ་འཚོལ་རྒྱུ་ཡང་ང་ཚོའི་རེ་འདོད་མ་ཡིན་ནམ།
Friday 9 December 2011
མེ་ཡིས་ཅི་ཞིག་མཚོན་ནམ། ཚེ་སྲོག་གིས་གང་ཞིག་མཚོན་ནམ།
---ཀླད་ཀྱི་གཏམ།

གས་ཆག་ཤོར་ཏེ་ཕྱོགས་ཕྱོགས་སུ་འཐོར་བའི་མཁའ་དབྱིངས་སུ།
ཉི་ཟླ་སྐར་གསུམ་གང་ཡང་མེད་པའི་མཚན་མོ་ཞིག་ལ།
གྲང་རླུང་ལྡང་ཞིང་ཁ་བ་འབབ་པའི་ཁྲོད་དུ།

སྦྲ་ནག་ཅིག་གི་བྱང་ཁོག་ཧྲིལ་བོ་མུན་པས་ཁྱབ་སོང་བས།
སྦྲ་ནང་གི་ཆོས་དཔེ་དང་ཁྱིམ་མི་ཚོའི་ཞལ་རས་མཐོང་ཐུབ་བྲལ་ཞིང་
ཐ་ན་ཚེ་གང་སྐེ་རུ་བཏགས་པའི་སྲུང་འཁོར་དག་ཀྱང་བོར་བརླག་ཏུ་གྱུར།
བདག་གི་མེས་པོ་ཡིན་སྲིད་པའི་མི་རྒན་རལ་བ་ཅན་ཞིག་གིས།
མཆོད་མེ་ཆུང་ཆུང་ཞིག་སྦར་སོང་བས།
ཡུད་ཙམ་རིང་སྦྲ་ནག་འདི་ལ་ཚེ་སྲོག་གསར་པ་ཞིག་གིས་འཁྱུད་འདུག
ལང་ལོང་གི་མཆོད་མེ་འདི་རླུང་བུས་གཟིམ་ལ་ཉེ་བར་གྱུར།
ཕྱེ་མ་ལེབ་ཁྱུ་ཞིག་བློ་ཐག་གཙང་བཅད་ཀྱིས་འཕུར་ཡོང་སྟེ།
མཆོད་མེ་འདིའི་ནང་དུ་རང་རང་གི་ཚེ་སྲོག་བསྟིམས་སོང་བས།
དེ་དག་གི་ཆེས་མཛེས་པའི་གཤོག་སྒྲོ་དག་མེ་རུ་འབར་བའི་ཀློང་ནས།
ངས་ཤོག་བུ་ནག་པོ་ཞིག་གི་ངོས་སུ།
སྨྱུ་གུ་ནག་པོ་ཞིག་གིས་སྣང་ཚུལ་འདི་འབྲི་དགོས་བྱུང་
Wednesday 7 December 2011
སུ་ཡིན།
ནམ་གུང་ཏག་ཏག་ཅིག་ལ་སྒོ་རྡུང་མཁན་སུ་ཡིན།
ཕྱི་རོལ་ཏུ་མུན་པ་འཐིབས་ཡོད་ཅིང་།
མུན་ཁྲོད་དུ་འདྲེ་སྲིན་ཡང་རྒྱུ་བཞིན་ཡོད་སྲིད།
སུ་ཡིན།
ནམ་ཕྱེད་ཅིག་ལ་སྒོ་རྡུང་མཁན་སུ་ཡིན།
ཕྱི་རོལ་ཏུ་གྲང་ངར་ཆེ་ཞིང་།
ཕྱི་རོལ་ཏུ་ཁ་བ་འབབ་བཞིན་ཡོད།

སུ་ཡིན།
མཚན་དཀྱིལ་ཞིག་ལ་སྒོ་རྡུང་མཁན་སུ་ཡིན།
ཕྱི་རོལ་ཏུ་ཆོམ་རྐུན་འདུར་བཞིན་ཡོད་ལ།
ཕྱི་རོལ་ཏུ་ཤ་འཁོན་རྩོད་མཁན་ཡོད་སྲིད།
སུ་ཡིན།
ནམ་གུང་ཏག་ཏག་ཅིག་ལ་སྒོ་རྡུང་མཁན་སུ་ཡིན།
ཕྱི་རོལ་ཏུ་ཟླ་འོད་ཡོད་མི་སྲིད་ཅིང་།
ཕྱི་རོལ་ནས་སྐར་ཚོགས་ཀྱང་མཐོང་མི་སྲིད།
སུ་ཡིན།
སྒོ་རྡུང་མཁན་སུ་ཡིན།

གཤིན་པོའི་རྣམ་ཤེས་ཤིག་ཡིན་ནམ།
གསོན་པོའི་ཚེ་སྲོག་ཅིག་ཡིན། 
Wednesday 23 November 2011


ཡབ་ལ་རེ་བ་རུམ་གང་ཡོད། །
ཡུམ་ལ་རྨི་ལམ་པང་གང་ཡོད། །
གཉིས་ཀར་བརྩེ་བ་ཁྱིམ་གང་ཡོད། །
འབྲོག་ཁྱིམ་སྟོང་གི་བསྡུས་གཟུགས་རེད། །
ལྷ་ལ་ལུང་བསྟན་རྫོགས་མེད་ཡོད། །
མི་ལ་འདོད་པ་ངོམས་མེད་ཡོད། །
ལྷ་མི་སྦྲེལ་བའི་རྨུ་ཐག་དེ། །
རྟེན་འབྲེལ་སྟོང་གི་བསྡུས་གཟུགས་རེད། །
ཁོག་ལ་ཉར་ན་བདེ་སྣང་སྐྱེས། །
ལྟེ་ཁྲག་འཐོར་ན་སྡོང་བོ་སྐྱེས། །
བྱིས་པ་ཕལ་ལས་ལྷག་པ་འདི། །
བོད་ཕྲུག་སྟོང་གི་བསྡུས་གཟུགས་རེད། །
བྱ་ཁྱུང་བྲག་ན་བླ་མ་བཞུགས། །
དེ་ལ་འབྲེལ་བའི་ལས་ཤིག་བདོག །
དགེ་རྒན་དགེ་ཕྲུག་ཆགས་པ་དེ། །
བན་ཆུང་སྟོང་གི་བསྡུས་གཟུགས་རེད། །
Thursday 17 November 2011



ཀླུ་སྨྱོན།
གཟིགས་པ་ལྔ་ཡི་པུར་རྩེ་ལས།།
བྲིས་པའི་སྙན་ངག་རྡོག་གཅིག་སྟེ།།
སྒྱུ་འཕྲུལ་མ་ཡི་རོལ་མོ་ལས།།
ས་གསུམ་མ་བུའི་བརྩེ་བས་གཏམས།།
ཟླ་དགུ་ཞག་བཅུའི་དཀའ་སྡུག་གིས།།
ལུས་སེམས་ལྕི་བའི་ཡུམ་ཆེན་མའི།།
རྣ་བར་རྒྱལ་སྲས་གཞོན་ནུ་ཡི།།
ངུ་ངག་དེ་ལས་སྙན་ཞིག་གང་།།
ཡིན་ཡང་སྙིང་དུ་སྡུག་པ་ཡི།།
ལྷ་བུ་དེ་ཉིད་མཐོ་རིས་ལས།།
བབས་པའི་འོད་ཀྱི་ཐེམ་སྐས་དེར།།
མ་ཡུམ་གང་དེ་གཤེགས་ལ་རིངས།།
Wednesday 16 November 2011


ཀ་མ་ལ་ཡིས་ཕྱག་གི་འཁྲི་ཤིང་མཛེས་པའི་མཆོག་ཏུ་སྤུད་པ་ཡི། །

ཁ་བ་རི་བའི་ལྷ་སྐལ་གཅིག་བུ་འཕགས་མཆོག་མིག་མི་འཛུམ་པ་ཞེས། །
ག་ས་གང་དུ་འཕྲིན་ལས་རྒྱ་མཚོ་དུས་ལས་ཡོལ་མེད་འཕྱུར་བ་དེར། །
ང་ཅག་མགོ་ནག་བོད་པ་ཡོངས་ཀྱིས་ཉིན་མཚན་ཀུན་ཏུ་ཕྱག་འཚལ་ལོ། །
ཅ་ཅོའི་རྩོད་ལྡན་སྙིགས་མ་ལྔ་ཡི་ཆུ་སྤྲིན་ནག་པོ་འཁྲིགས་པའི་མཁར། །
ཆ་ཤས་ཡོངས་རྫོགས་ཚུལ་ཁྲིམས་གཙང་མའི་རི་བོང་གཟུགས་ཀྱིས་མཛེས་པ་དང་། །
ཇ་ཆང་འདོད་ཡོན་གྲིབ་མས་ཡོངས་བཏང་བློ་གྲོས་འོད་དཀར་ཕྱོགས་བརྒྱར་འགྱེད། །
ཉ་གང་ཟླ་བའི་མཛེས་སྡུག་འབར་བའི་མཁན་ཆེན་གང་དེ་རྒྱལ་གྱུར་ཅིག །
Sunday 13 November 2011
གཅིག
ལོ་དེར། ཨ་ཕས་ང་ཁྲིད་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཁ་རུ་མཚོ་སྐོར་ལ་སོང། མཚོ་སྐོར་དུ་འགྲོ་ཞོར་ཁོང་གིས་ང་ལ་སུན་སྣང་མེད་པར་མཚོ་མོ་འདི་དང་འབྲེལ་བའི་ ལྷ་སྒྲུང་མང་པོ་ཞིག་བཤད་ཀྱང་། དེ་དུས་ཀྱི་ལྷ་སྒྲུང་རེ་རེ་ནི་མཚོ་ངོགས་ཀྱི་ཐང་མར་བརྡལ་བའི་མགྲོན་བུ་དང་ཉ་ ཕྱིས་ཀྱི་ཤུན་ལྐོགས་རེ་རེ་དང་འདྲ་བར་ལོ་ཟླའི་ཆུ་གཉེར་གྱིས་དེད་ནས་གར་སོང་ཆ་ མེད་དུ་གྱུར་སོང་མོད། སྐབས་དེར་འཕྲད་པའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་མཚོ་མོའི་ཁ་གཏད་དུ་འགྱིངས་པའི་ བྲག་རྡོ་ཞིག་དང་མཚུངས་པར་ད་དུང་ངའི་དྲན་འཛིན་གྱི་ངོས་སུ་ལྷང་ངེར་འདུག
Friday 11 November 2011
dscn4924
མདང་དགོང་རྨི་ལམ་ནང་གནའ་ བོའི་རྒྱ་ནག་གི་རི་མོ་ལྟ་བུའི་ཡུལ་ལྗོངས་ཤིག་ལ་མྱུལ་ཅིང་། གྲི་རྣོན་པོ་ཞིག་གིས་འབྱུང་པོའི་བེམ་གཟུགས་འགའ་ཚལ་བུར་གཏུབས་སོང་། ཆུ་ཚོད་བདུན་པར་གཉིད་ལས་སད། མདང་དགོང་ཆུ་ཚོད་བཅུ་གཉིས་སྟེང་ཨ་རིའི་རྒྱལ་ཡོངས་སུ་ཆུ་ཚོད་བརྗེ་བོ་བརྒྱབ་ པ་ཡིན་པས། ད་ནངས་ཞོགས་པར་མི་འགའ་རེས་དེ་མ་ཤེས་པར་དུས་ཆད་མང་པོ་ཞིག་གི་སྔོན་དུ་བསླེབས་ པ་ནི་ལོ་རྟག་པར་རྒྱུན་ལྡན་ཞིག་གནས་ཚུལ་རེད།
ངོ་དེབ་ལས་ཨ་ནེ་ཆོས་མཚོས་ རང་ལུས་མེར་སྲེག་གཏོང་དུས་ཀྱི་འདྲ་པར་ལྟ་མི་བཟོད་པ་ཞིག་མཐོང་ཞིང་། ང་ཚོས་ནམ་རྒྱུན་ཚེར་མ་ཞིག་ཟུག་པའམ་སྤོས་རྐང་གཅིག་གིས་བསྲེགས་ཀྱང་མི་བཟོད་ པའི་ལུས་པོ་ཞིག་དེ་ལྟར་མེ་ལྕེ་དམར་པོའི་ནང་དུ་བསྲེགས་པ་འདི་ལས་ལྷག་པའི་མི་ གཞིའི་སྙིང་སྟོབས་ཤིག་འཚོལ་དུ་མེད་ཅིང་། སྙིང་སྟོབས་འདི་ལས་བོད་བཙན་པོའི་རྒྱལ་རབས་རིམ་བྱོན་གྱི་དམག་རྟ་ཁྲི་ཕྲག་གི་ རྨིག་སྒྲ་དང་དཔའ་བོ་ཚོའི་ངར་སྐད་ཀྱིས་མཐའ་བཞིའི་དགྲ་ཚོགས་ཀྱི་མགོ་སྐེ་ བྲེགས་ཤིང་དཔའ་སྤོབས་བཅོམ་པའི་ལོ་རྒྱུས་ཁྲག་གིས་འཚོས་ཤིང་མེ་རུ་འབར་བ་དག་ ཀྱང་དྲན་པར་བྱས།
ཆུ་ཚོད་དགུ་པར་བླ་མ་ཚང་ གི་ཞབས་བརྟན་ལ་དམིགས་པའི་ཚེ་མདོ་ཚེ་གཟུངས་བགྲངས་ཤིང་། ཆུ་ཚོད་བཅུ་པར་ཚོགས་མི་དག་མཉམ་འཛོམས་ཀྱིས་ཁོང་དགུང་གྲངས་གྱ་གསུམ་དུ་ཕེབས་ པའི་མཛད་སྒོ་སྟབས་བདེ་བོ་ཞིག་བསྡུས། ཁོ་བོས་ལོ་དྲུག་གི་སྔོན་དུ་ཁོང་གི་འཁྲུངས་སྐར་སྐབས་བྲིས་པའི་ཀུན་བཟང་འཁོར་ ལོ་ཞིག་ཡོད་པ་དེ་ཀློག་འདོན་བྱས་ཤིང་། མི་གཞན་དག་གིས་ཀྱང་བོད་ཡིག་དང་དབྱིན་ཡིག་ཏུ་བྲིས་པའི་སྙན་ངག་རེ་གྱེར་འདོན་ བྱས་པ་སོགས་རྟེན་འབྲེལ་ལེགས་ཚོགས་ཀྱི་སྒོ་བརྒྱ་ཅིག་ཅར་ཕྱེས།
Tuesday 8 November 2011
dscn4894
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བསྡུས་ཏེ་བཞུགས་ཡོད་པ་ དེ་རེད། ཆུ་ཚོད་བདུན་དང་ཕྱེད་ཀར་གཉིད་ལས་སད་པར་ཁྲུས་ཁང་དུ་སོང་ནས་སོ་དང་གདོང་བཀྲུས། སྒེའུ་ཁུང་ལས་གནམ་ངོར་ཆུ་སྤྲིན་ལང་ལོང་ཞིག་འཁྲིགས་བསྡད་ཡོད་པ་མཐོང་ཞིང་། དྲ་ངོས་གསར་འགྱུར་ལས་ཁ་ཆེ་བ་ས་ཡ་ཁ་ཤས་སོ་ཁྲི་ཨ་ར་སྦིས་ཡའི་ཨ་ར་ཧྥ་ཁྲི་ཞེས་ པའི་གནས་རྩ་ཆེན་དེར་ཧ་ཇི་ཞེས་པའི་ལོ་འཁོར་གནས་སྐོར་ལ་ཡོང་ཡོད་རབས་ཤིག་འདུག
ཉིན་གུང་གྲོགས་པོ་འཕྲིན་ ལས་བཟའ་ཟླ་གཉིས་དང་གྲོགས་པོ་གཞན་གསུམ་བཅས་མཉམ་དུ་ཁོ་རི་ཡའི་ཟ་ཁང་དེར་སོང་། ཞབས་ཞུ་མཛེས་མ་དེ་འཛུམ་ཤིག་ཤིག་ངང་ཕར་རྒྱུག་ཚུར་རྒྱུག་བྱེད། ཟ་མ་བཟའ་ཞོར་གྲོགས་པོ་གསུམ་དང་འཕྲིན་ལས་ཀྱིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ ཀྱི་རྩོད་པ་བརྒྱབ་སོང་། དེ་ཡང་གྲོགས་པོ་ཞིག་གིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་འབྲོག་པས་འཚོ་རྟེན་ ལ་འགྱུར་བ་བཏང་ནས་ཚོང་རྒྱག་པ་སོགས་བྱེད་དགོས་པ་དེ་ཐལ་དྲག་འདུག་པས་དེ་ནི་ ནོར་འཁྲུལ་རེད་ཟེར་བས། གཞན་པ་གསུམ་གྱིས་དེ་ནོར་འཁྲུལ་ཞིག་ག་ལ་ཡིན། ང་ཚོས་ལོ་ངོ་སྟོང་ཕྲག་ནས་ནོར་ལུག་ཁོ་ནའི་རྨིག་རྗེས་འཚོས་ཏེ་ཡོང་བ་ཡིན་ཡང་། དེང་སང་གི་དུས་རབས་འདི་ནོར་ལུག་བཤའ་འཚོང་གི་ལས་ཀ་ཙམ་མ་ཡིན་པར་སློབ་གྲྭ་ འགྲིམ་པ་དང་ཚོང་ཁང་ཟ་ཁང་གཉེར་བ། ཞོར་ལས་ལ་འགྲོ་བ་སོགས་འཚོ་ཐབས་འདྲ་མིན་ཡོད་པས་མཁན་པོ་ཚང་གི་བཀའ་སློབ་དེ་ཧ་ ཅང་འགྲིག་གི་ཟེར་བ་སོགས་རྩོད་གླེང་ཅུང་ཛ་དྲག་པོ་ཞིག་བྱས།
Monday 7 November 2011
dscn4892
མདང་དགོང་རྨི་ལམ་ནང་སྨན་ པ་ཞིག་གིས་བརྟག་དཔྱད་བྱས་རྗེས་ཁོག་པའི་ནང་དུ་ན་ཚ་མི་འདུག་ལབ་པ་ཞིག་བྱུང་། དེ་མིན་རྨི་ལམ་འགའ་རྨིས་ཀྱང་བརྗེད་དེ་ཐལ། ཆུ་ཚོད་བདུན་དང་ཕྱེད་ཀར་གཉིད་ལས་སད་ཀྱང་ཉལ་སའི་ནང་རོ་ལྟར་ཉལ་ནས་ཆུ་ཚོད་ བརྒྱད་པ་བར་དུ་ལུས། དེ་ནས་ལངས་ཏེ་གདོང་པ་དང་སོ་བཀྲུས་རྗེས་ཆོས་ཀྱི་སྤྱོད་ལམ་ལ་ཏོག་ཙམ་ཞུགས། དྲ་ངོས་ལས་ལྡི་ལི་གསར་པར་གཞོན་ནུའི་ཟུང་དྲུང་ཟུར་པ་ཤེས་རབ་ཚེ་རྡོར་ཟེར་བ་ ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རང་ལུས་ལ་སྦར་བའི་གནས་ཚུལ་ཞིག་འཁོད། དེང་སྐབས་ཞོགས་པ་རེ་རེ་བཞིན་གློག་ཀླད་ཀྱི་ཁ་མ་ཕྱེས་པའི་སྔ་རོལ་ཏུ་དེ་རིང་ ཡང་བོད་པའི་སྐོར་གནས་ཚུལ་མི་སྙན་པ་ག་རེ་ཡོད་ཨང་བསམས་པའི་སེམས་ཁྲལ་ཞིག་འདུག
Friday 4 November 2011
dscn4892
མདང་དགོང་རྨི་ལམ་ནང་སྨན་ པ་ཞིག་གིས་བརྟག་དཔྱད་བྱས་རྗེས་ཁོག་པའི་ནང་དུ་ན་ཚ་མི་འདུག་ལབ་པ་ཞིག་བྱུང་། དེ་མིན་རྨི་ལམ་འགའ་རྨིས་ཀྱང་བརྗེད་དེ་ཐལ། ཆུ་ཚོད་བདུན་དང་ཕྱེད་ཀར་གཉིད་ལས་སད་ཀྱང་ཉལ་སའི་ནང་རོ་ལྟར་ཉལ་ནས་ཆུ་ཚོད་ བརྒྱད་པ་བར་དུ་ལུས། དེ་ནས་ལངས་ཏེ་གདོང་པ་དང་སོ་བཀྲུས་རྗེས་ཆོས་ཀྱི་སྤྱོད་ལམ་ལ་ཏོག་ཙམ་ཞུགས། དྲ་ངོས་ལས་ལྡི་ལི་གསར་པར་གཞོན་ནུའི་ཟུང་དྲུང་ཟུར་པ་ཤེས་རབ་ཚེ་རྡོར་ཟེར་བ་ ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རང་ལུས་ལ་སྦར་བའི་གནས་ཚུལ་ཞིག་འཁོད། དེང་སྐབས་ཞོགས་པ་རེ་རེ་བཞིན་གློག་ཀླད་ཀྱི་ཁ་མ་ཕྱེས་པའི་སྔ་རོལ་ཏུ་དེ་རིང་ ཡང་བོད་པའི་སྐོར་གནས་ཚུལ་མི་སྙན་པ་ག་རེ་ཡོད་ཨང་བསམས་པའི་སེམས་ཁྲལ་ཞིག་འདུག
ཁ་སང་ཉོས་པའི་ཤུ་ཀུ་རྟགས་ ཅན་གྱི་གློག་ཀླད་དེ་ཇོན་གྱི་རྩར་ཁྱེར་ནས་སྒོ་འབྱེད་དུ་བཅུག་ཅིང་། ལས་གྲོགས་ཚོས་ཡིད་སྨོན་གྱི་མིག་མདའ་འཕེན། ལོས་ཡིན། སྒོར་མོ་ཞིག་ཡོད་ཚེ་ཁྱོད་ཀྱིས་མི་སེམས་ཧྲིལ་བོ་དང་ཧྲིལ་བོ་བྱས་ནས་ཉོ་ཐུབ། ཐ་ན་ཧྲང་ཧེ་ནས་ཡོང་བའི་རྒྱ་མོ་དེས་ཀྱང་ཡིད་སྨོན་བྱེད། ཁོ་ཚོར་འདི་ནི་དགའ་རོགས་གསར་པ་ཞིག་རག་པ་འདྲ་བོ་རེད། དུས་ཡུན་གང་འཚམ་ཞིག་སོང་རྗེས་ཁྱོད་ཀྱིས་རྙོག་དྲ་གསར་པ་ཞིག་རྙེད་ཀི་རེད་ཅེས་ བརྗོད། ནུ་བོས་བོད་ནས་ཁོ་བོའི་ལོ་རྒྱུས་དབྱིན་དེབ་ནང་འཇུག་རྒྱུའི་པར་འགའ་བསྐུར་ འདུག་ཅིང་། དེའི་ནང་དུ་ཡིག་གཟུགས་དང་སུམ་རྟགས་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་ པའི་བཤད་ཁྲིད་འགྲེལ་པ་བཞི་སྦྲགས་བར་མཛུབ་ཁྲིད་ཀྱི་བཀའ་དྲིན་འཁོར་ཐབས་བྲལ་ བའི་ཡོངས་འཛིན་རྡོ་རྗེ་འཆང་ཚང་དང་། སྐུ་ཚེ་འདིར་གྲུབ་པའི་གོ་འཕང་མཐོན་པོར་སོན་ཀྱང་སྦས་པའི་བརྟུལ་ཞུགས་ལ་བཞུགས་ པས། ཁོ་བོ་ལྟ་བུས་ཀྱང་ལོ་ངོ་གཉིས་དང་ཕྱེད་ཀ་ཙམ་ལ་ཤག་གཅིག་ཏུ་དགེ་རྒན་དང་དགེ་ ཕྲུག་གི་ཚུལ་དུ་ཞབས་ཞུ་ཞུས་པའི་སེམས་དཔའ་ཆེན་པོ་བླ་ནག་རི་ཁྲོད་པ། ད་རེས་ཀྱི་དལ་འབྱོར་མི་ལུས་གསེར་སྲང་སྟོང་གིས་མི་ཁུག་པ་འདི་སྦྱིན་པ་པོ་ དྲིན་ཆེན་ཕ་མ་གཉིས་ཀྱི་འདྲ་པར་བཞུགས་འདུག
Thursday 3 November 2011
dscn4891
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་འབྲི་ཟེར་དུས་གཅིག་ཀྱང་མི་དྲན་གི ཆུ་ཚོད་བརྒྱད་དང་ཕྱེད་ཀར་མལ་ལས་ལངས་དུས་ཉི་འོད་སེར་པོ་ཞིག་མལ་ཁང་དུ་འཁྱིལ་ འདུག་ཀྱང་དྲོད་ཅུང་ཟད་ཙམ་ཡང་མི་འདུག གདོང་པ་བཀྲུས་ནས་ཞོགས་པའི་ཞལ་འདོན་ཕྲན་བུ་ཞིག་བཏོན་ཞིང་། དེ་ནས་བླ་མ་ཚང་གི་གསང་ཡུམ་སོའི་སྨན་ཁང་དུ་ཕེབས་པར་དམིགས་ཏེ་ཚོགས་ཁང་དུ་སོང་ ནས་སྒྲོལ་ཆོག་ཅིག་བཏོན།
ནང་ལ་ལོག་ནས་ཁ་ཏོན་འདོན་ ཞོར་གློག་ཀླད་ཀྱི་ཁ་ཕྱེས་ཏེ་གསར་འགྱུར་དག་ལ་བལྟས། ཁམས་རྟའུའི་བཙུན་དགོན་ཞིག་ནས་བཙུམ་མ་དཔལ་ལྡན་ཆོས་མཚོ་ཟེར་བ་ཞིག་གིས་རང་ལུས་ མེ་རུ་སྦར་ནས་ཅུང་མ་འགོར་བར་གྲོངས་འདུག་པའི་གསར་འགྱུར་འདྲ་པར་དང་བཅས་པ་ཞིག་ འདུག སེམས་པ་སྐྱོ་ཡང་བྱ་ཐབས་བྲལ། མལ་ཁང་ག་ཉི་འོད་ཇེ་དྲོར་སོང་བའི་ཀློང་ནས་མིག་གཉིས་བཙུམས་ཏེ་སྤྱན་རས་གཟིགས་ ལ་གསོལ་བ་དྲག་ཏུ་བཏབ་ཅིང་། དེ་ཡང་སྤྱོད་འཇུག་སྨོན་ལམ་གྱི་ཚིག་རེ་རེ་བཞིན་དམིགས་རྣམ་རེ་སྐྱོང་ཁུལ་བྱས་ པས། གཞན་ལ་ཕན་ཐོགས་ག་ཚོད་ཅིག་བྱུང་ཡོད་མི་ཤེས་ཀྱང་རང་སེམས་ལ་ཞི་བདེའི་སྣང་བ་ དཔག་མེད་ཅིག་སྐྱེས་བྱུང་། དེ་ཡང་བདག་འཛིན་འདི་ཅི་ཙམ་མགོ་འཕངས་དམའ་རུ་སོང་བ་དེ་ཙམ་གྱིས་སེམས་ལ་ཞི་ བདེའི་སྣང་བ་ཞིག་བསླེབ་ཡོང་བ་དེ་མྱོང་བས་གྲུབ་ཅིང་། བླ་མ་སྤྱན་རས་གཟིགས་ཀྱིས་ཀྱང་དེ་སྐད་ཡང་ཡང་གསུངས།
dscn4877
མདང་དགོང་རྨི་ལམ་ཧ་ཅང་ མང་། བླ་མ་ཞིག་གི་ཞབས་ཞུ་བྱེད་བཞིན་འདུག སྨན་པ་ཞིག་གི་གཡོག་པོ་བྱེད་བཞིན་འདུག གསར་འབྱོར་ཞིག་གི་སྐད་སྒྱུར་བྱེད་བཞིན་འདུག ཆུ་ཚོད་བདུན་པར་གཉིད་ལས་སད་དུས་མལ་ཁང་ཧ་ཅང་འཁྱགས། ཉི་འོད་ལང་ལོང་ཞིག་འཕྲོས་ཡོད་ཀྱང་དྲོད་རྟ་རྔ་ཙམ་ཡང་མི་འདུག
མཆོད་འབུལ་ཁ་འདོན་སོགས་ རྒྱུན་ལུགས་བཞིན་བྱེད་ཞོར་གློག་ཀླད་ཉུལ། མི་རེ་ཟུང་གིས་དོ་རྒྱ་བསོད་རྡོར་གྱི་དངོས་བྲིས་རྩོམ་ཡིག་དེ་བཀླགས་ནས་མིག་ ཆུ་ཤོར་སོང་ཞེས་བྲིས་འདུག་ལ། རང་ཉིད་ལ་ཡང་སྐྱོ་གདུང་གི་ཚོར་བ་དྲག་པོ་མཆི་མ་འཁྲུག་པ་ཞིག་བྱུང་ཞེས་ཁ་སང་ གི་ཉིན་ཐོའི་ནང་དུ་བྲིས་ཡོད། མི་རིགས་ཀྱི་བླ་སྲོག་ཉམས་དུས་མི་རིགས་ཀྱི་སེམས་རྩ་ཇེ་སྙི་ཡིན་སྲིད།
Tuesday 1 November 2011
dscn4876
མདང་དགོང་ཞག་གང་བོར་རྨི་ ལམ་རབ་རིབ་རྐྱང་རྐྱང་བཏང་། ལུག་མང་པོ་ཞིག་ར་བར་འཛུད་མ་ཐུབ་པར་དཀའ་ངལ་མྱོང་བཞིན་འདུག གྲོགས་པོ་སྤྲུལ་སྐུ་ཞིག་གི་ཁང་པའི་ནང་དུ་བསྡད་ཡོད་དུས་མི་འགའ་ཡོང་ནས་བསུན་ པོ་ཚད་མེད་བཟོས། བྱིས་པ་ཡིན་དུས་ཀྱི་ངེད་ཚང་གི་འབྲི་ནག་པོ་ཞིག་ཡོད་པ་དེས་མི་སྐད་བཤད་ནས་ རྒྱབ་ལོགས་ན་གི་འདུག་ཟེར། མོ་མོ་བཟོ་སྤྱད་ཀྱི་ཤ་དམར་པོ་དེ་འདྲ་མང་པོ་ཞིག་རྨིས་པ་དེ་ཆམ་པ་ཕོག་སྟེ་ གཟུགས་པོ་ན་བའི་ངོ་ཡིན།
ཆུ་ཚོད་བདུན་པར་ཆུ་ཚོད་ ཀྱི་ཅོང་སྒྲས་གཉིད་ལས་དཀྲོགས། མལ་ཁང་ཧ་ཅང་འཁྱགས་པས་ཚ་གློག་བཏང་། ཉལ་སའི་ནང་ནས་མིག་གཉིས་གདངས་མ་བཙུམས་ཀྱིས་དྲ་ངོས་ཉུལ། འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ལ་བསླེབས་པ་དང་། རྒྱ་ནག་གི་སྒྱུ་རྩལ་པ་ཨེ་ཝེ་ཝེ་ལ་ཉེས་ཆད་རྒྱ་སྒོར་ཁྲི་༡༥༠༠བཏང་བ་མཐོང་། ཕྱི་རོལ་གྱི་ནམ་མཁའ་སྔོ་ཞིང་གྲང་ངར་ཁྲོད་ཉི་འོད་སེར་པོ་ཞིག་སྨུག་སྤྲིན་སྲབ་ བུ་ཞིག་བརྟོལ་ནས་ས་སྟེང་དུ་འཕྲོས། སྨུག་པའི་སེང་རས་ཀྱི་གསེབ་ནས་ཉི་འོད་ཀྱི་ལྗོན་པའི་ལོ་འདབ་སེར་པོ་དེ་ཚོ་ བརྒྱུད་ནས་གསེག་སྟེ་འཕྲོ་བའི་ངང་ཚུལ་སྙིང་རྗེ་བོ་དེར་འདྲ་པར་འགའ་བརྒྱབ་ཀྱང་ ཡིད་ཚིམ་པ་ཞིག་མ་བྱུང་།
Sunday 30 October 2011
dscn4857
སྤྱི་ཟླ་བཅུ་པའི་ཚེས་སུམ་ཅུ།
རྨི་ལམ་རིང་པོ་ཞིག་བཏང་ སོང་ཡང་གཙོ་བོ་དེ་ནི་ཁོ་བོ་ཆང་སའི་དགའ་སྟོན་ལྟ་བུ་མི་ཚོགས་ཆེན་པོ་ཞིག་གི་ དཀྱིལ་དུ་འདུག་ཅིང་། མི་ཚང་མས་ཚུར་མེ་ཏོག་གཏོར་ཡོང་གིན་འདུག་ལ་ཕར་ཡང་མེ་ཏོག་སྤར་མོ་དང་སྤར་མོ་ བྱས་ཏེ་གཏོར་བཞིན་འདུག དེ་ནི་སྤྱོད་འཇུག་ལས། ཕན་ཚུན་མཚོན་གྱིས་འདེབ་པ་དེ་ཡང་ནི། །དེང་ནས་བརྩམས་ཏེ་མེ་ཏོག་འཕེན་པར་ཤོག །ཅེས་པ་དེ་དང་འདྲ་བོ་འདུག
ཆུ་ཚོད་བདུན་དང་ཕྱེད་ཀར་ དུས་བཀག་ཆུ་ཚོད་ཀྱི་ཅོང་བརྡས་གཉིད་དཀྲོགས་སོང་བས་ཡར་ལངས། གནམ་ངོ་རུབ་ཅིང་ཆར་པ་ཟམ་ཟིམ་ཞིག་འབབ་བཞིན་འདུག་ལ། གནམ་གཤིས་གྲང་མོ་འདུག་པས་ཚ་གློག་སྤར། གཟུངས་སྔགས་བགྲང་བཞིན་གློག་ཀླད་ཀྱི་ཁ་ཕྱེ་སྟེ་དྲ་ཚིགས་ཁག་ཉུལ། གསར་འགྱུར་ཆེན་པོ་ཞེ་དྲགས་མི་འདུག་ཀྱང་། ཨ་རིའི་ཤར་ཕྱོགས་ཞིང་ཆེན་ཞིག་ནས་བྱིས་པ་ཞིག་བོར་ནས་ཉིན་དྲུག་ཕྱིན་པའི་རྗེས་ སུ་ནགས་གསེབ་ཅིག་ཏུ་རྙེད་པ་དང་། བྱིས་པའི་གདོང་ན་རྨ་ཤུལ་ཕྲན་བུ་ཞིག་ཡོད་པ་ལས་གཞན་གྱིས་གནོད་འཚེ་བཏང་བའི་ རྟགས་མཚན་ཆེན་པོ་དེ་འདྲ་ཅི་ཡང་མེད་ལ་གྲོད་ཁོག་ལྟོགས་ཀི་ཡོད་པའི་བཟོ་ལྟ་ཡང་ མི་འདུག་ཅིང་། དེའི་ཨ་མ་དང་ཉེན་རྟོག་པ་ཚོས་དཀོན་མཆོག་གིས་ང་ཚོས་གསོལ་བ་བཏབ་པ་དེ་གསན་ནས་ང་ ཚོས་བྱིས་པ་དེ་རྙེད་ཐུབ་པ་བྱུང་སོང་ཞེས་བརྙན་འཕྲིན་གསར་འགོད་པར་རྗོད་བཞིན་ འདུག་པས། གལ་སྲིད་བྱིས་པ་དེ་མ་རྙེད་པ་ཡིན་ན་དཀོན་མཆོག་གིས་མ་གསན་པར་འགྱུར་རམ་སྙམ་པ་ ཞིག་ཀྱང་བྱུང་།
dscn4800
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ད་ལྟ་གཅིག་ཀྱང་མི་དྲན། ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་གཉིད་ལས་སད། ཉི་འོད་བན་བུན་ཞིག་སྒེའུ་ཁུང་བརྒྱུད་ཉལ་ཁང་རྫོབ་རོའི་ནང་དུ་འཕྲོས་འདུག་ལ། གཟའ་སྤེན་པ་ཡིན་པས་ཚོགས་མི་དག་ཚོགས་ཁང་གཙང་མ་གཙོ་ཕྱིར་སྐས་འཛེག་སྟེང་ཡར་ འགྲོ་མར་ཡོང་བྱེད་པའི་རྡོག་སྒྲ་ཐོས་ཐུབ།
ཐེ་ཝན་ནས་སྔ་འགྱུར་རྙིང་མའི་བླ་ཆེན་ཞིག་གིས་བསྐུར་བའི་ལྷག་བསམ་གྱི་མགོ་འཛུགས་ཞེས་པའི་འོད་སྡེར་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དབུ་ བརྙེས་པའི་མཛད་སྒོའི་སྐོར་འཁོད་པ་ཞིག་ལ་བལྟས་ཤིང་། དེའི་སྟེང་དུ་ཆོས་བརྒྱུད་ཆེན་པོ་བཞིའི་བླ་སྤྲུལ་མཁན་པོ་རྣམ་པས་བོད་བརྒྱུད་ ནང་བལྟས་འདི་ཐེ་ཝན་མཚོ་གླིང་དུ་དར་རྒྱས་མུ་མཐུད་དེ་འགྲོ་བའི་ཆེད་དུ་བགྲོ་ གླེང་ལྷུག་པོར་གནང་འདུག་ཅིང་། འདི་འདྲའི་ཚོགས་འདུ་ཞིག་ལ་བརྟེན་ནས་ཕྱི་ནང་གི་གེགས་བར་ཆད་ལས་རྒྱལ་ཐུབ་ཅིང་། རྙིང་མའི་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ལགས་ཀྱིས་ང་ཚོ་འདིར་ཡོད་པའི་ཆོས་ཚོགས་ འགན་འཛིན་དག་གི་བར་དུ་མི་མཐུན་པའི་ཆ་རེ་ཡོད་པའི་ཡོང་རྐྱེན་གཙོ་བོ་དེ་ནི་ རྙེད་བཀུར་གྱི་ཆེད་དུ་རེད་བརྗོད་པ་དེ་ནི་ཧ་ཅང་བདེན་ཆེ་སྟེ། རྒྱལ་སྲས་ཐོགས་མེད་བཟང་པོས། རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་། །ཞེས་མ་འོངས་ལུང་བསྟན་ཞིག་གསུངས་ཡོད་པ་རེད་ཨང་། ད་དུང་གཞན་ཞིག་གིས་ཤ་ཟ་བ་འདིས་རང་རེའི་བསྟན་པའི་མིང་ལ་གནོད་པར་འདུག་ཟེར་བ་ ཡང་ཧ་ཅང་མད།
ཨ་རི་བ་སྐྱེས་སྨན་ཞིག་གི་ཉིན་གུང་ཟ་མ་ཞིམ་པོ་ཞིག་བཟོས་འདུག་པ་དེ་ལས་སྡེར་མ་གཉིས་ཙམ་ཟོས།
Friday 28 October 2011
dscn4796
མདང་དགོང་རྨི་ལམ་བརྒྱུད་ རིམ་ཅན་ཞིག་གིས་མཚན་གང་བོ་ཟིན་བསྡད་ཀྱང་དེ་ཙམ་དྲན་ཐུབ་ཀི་མི་འདུག གཙོ་བོ་དེ་ནི་དགོན་པ་ཆེན་པོ་ཞིག་ལ་གསང་སྤྱོད་རྫོར་བོ་ཞིག་ཡོད་པ་དེ་ཇི་ལྟར་ ཞིག་གསོ་བྱས་ནས་གཙང་ཞིང་དག་པ་ཞིག་ཏུ་བསྒྱུར་རྒྱུའི་ཆེད་དུ་དཀའ་ལས་རྒྱག་པ་ ཞིག་རེད།
ཆུ་ཚོད་བརྒྱད་པ་ཙམ་ལ་ གཉིད་ལས་སད་དུས་གནམ་ངོ་རུབ་ཅིང་ཉེ་འཁོར་ཚང་མ་སྨུག་པས་དཀྲིས་ཏེ་ཆར་བ་འབབ་ རྒྱུའི་སྟ་གོན་བྱེད་བཞིན་འདུག ཉལ་སའི་ནང་ནས་མགོ་ཡར་བཀྱགས་ཏེ་གློག་ཀླད་ཀྱི་ཁ་ཕྱེས། གསར་འགྱུར་གསར་བ་དེ་ཙམ་མི་འདུག་ཀྱང་དུས་བབ་ལས་བློ་ཆོས་དང་བཀའ་ཤག་བར་གྱི་ འགལ་འབྲེལ་དེའི་སྐོར་རྩོམ་ཡིག་ཅུང་ཁ་གསལ་ཞིག་འདུག་ལ། བཀའ་ཁྲི་གསར་པས་བློ་ཆོས་དགོངས་སེལ་ཞུ་རུ་བསྐྱོད་དུས། མར་རྒྱུགས་ཞེས་བརྗོད་ལུགས་མཐོང་བས། ཟླ་གཅིག་སྔོན་ཙམ་ལ་བཀའ་ཁྲིས་ཕྲེང་བ་བགྲང་བཞིན་གདོང་ལ་ཁྲོ་གཉེར་བསྡུས་པའི་ འདྲ་པར་ཞིག་མཐོང་བ་དེ་ཡང་དྲན་སོང་བས། བཀའ་ཁྲི་ཁྲིམས་ལུགས་མཁས་པས་མ་འོངས་ལོ་བཞིའི་ནང་དུ་ལས་བྱེད་ག་ཚོད་ཅིག་མར་ རྒྱུགས་ཡར་ཤོག་གི་ལམ་དུ་འཇོག་རྒྱུ་རེད་ཨང་བསམ་པ་ཞིག་བྱུང་།
dscn4792
མདང་དགོང་རྨི་ལམ་ཅུང་ཟད་ ཉུང་ཞིང་ད་ལྟ་དྲན་ཡུལ་དུ་གཅིག་ཀྱང་མི་འདུག ཆུ་ཚོད་བརྒྱད་པ་ཙམ་ལ་གཉིད་ལས་སད་བྱུང་། ཁྲུས་ཁང་གི་སྒེའུ་ཁུང་ལས་མཁའ་དབྱིངས་སུ་སྤྲིན་པ་སྲབ་བུ་ཞིག་འཐིབས་འདུག་པའི་ བར་གསེང་ནས་གནམ་སྔོན་པོ་ཏོག་ཙམ་རེ་མཐོང་རྒྱུ་འདུག ཡོ་ག་རྩེད་བཞིན་ངག་བྱིན་རླབས་སོགས་བཏོན།
དྲ་ངོས་སུ་ཨེ་རག་དམག་ འཁྲུག་སྐབས་ཨ་རིའི་དངུལ་དམར་ཐེར་འབུམ་དྲུག་གང་སོང་མ་ངེས་པའི་སྐོར་ཞིག་མ་ གཏོགས་གསར་འགྱུར་ཚ་བོ་དེ་འདྲ་མི་འདུག་ཀྱང་། ཉིན་གུང་ཡོལ་ཙམ་ནས་སློབ་དཔོན་འཇིགས་མེད་ལགས་ཀྱིས་ཁ་བརྡ་དྲ་བར་གྱེས་ཕྱག་ འབུལ་བའི་རྩོམ་ཡིག་དང་ཀློག་མཁན་གྱིས་དེ་ལ་བཏབ་པའི་མཆན་བུ། ད་དུང་གྲོགས་པོ་གསལ་ལེ་རྒྱལ་གྱིས་བྲིས་པའི་སེང་གེ་བློ་བཟང་དང་བྱེའུ་ཁུག་རྟ་ ཞེས་པའི་ཟུར་ཟའི་རྟོག་སྒྲུང་སོགས་འཁྲུག་པོ་འདྲ་ཞིག་ཆགས་སོང་ཞིང་། རང་གིས་ཀྱང་རྡོ་སེང་གེས་ཁ་གདངས་པ་ཞེས་པའི་རྟོག་སྒྲུང་ཐུང་ཐུང་ཞིག་འབྲི་གིན་ ཡོད། ཨ་རིའི་སྐད་སྒྲ་གསར་འགྱུར་ལས་ཆབ་མདོ་ཀརྨ་ཡུལ་ཚོའི་རྒྱ་གཞུང་ལས་ཁུངས་ལ་ཐོ་ རངས་ཀྱི་དུས་སུ་འབར་རྫས་བརྒྱབ་སྟེ་ལས་ཁུངས་རྩ་གཏོར་བཏང་ཡོད་འདུག
Thursday 27 October 2011
dscn4685
མདང་དགོང་ཆུ་ཚོད་དང་པོ་ ཙམ་ལ་ཉལ་བ་དང་། རྨི་ལམ་ཟ་ཟི་ཧ་ཅང་མང་པོ་ཞིག་ཧ་ལམ་ཞག་གང་བོར་བཏང་སོང་། དེ་ཡང་ལུང་གཞོང་ཞིག་ཏུ་འགྲོ་དུས་ས་ཡོམ་ཆེན་པོ་ཞིག་བརྒྱབ་སྟེ་རི་ངོས་ནས་བྲག་ རྡོ་དང་ས་ཤུན་དུམ་བུ་དུམ་བུར་ཆད་དེ་མར་འགྲིལ་ཡོང་བ་དང་། ལུང་ཤུར་འགའ་ཤས་ལས་ལོ་ས་ཡ་བརྒྱ་ཉིས་བརྒྱའི་ཡར་སྔོན་དུ་སའི་གོ་ལའི་སྟེང་འཚོ་ གནས་བྱས་པའི་སྲོག་ཆགས་ཆེན་པོ་གཟུགས་པོ་ཆེ་ཞིང་སྐེ་རིང་པོ་ཅན་དེ་འདྲ་མང་པོ་ ཞིག་ཀྱང་འུར་ལྡིར་གྱིས་གང་སར་བྲོས་འགྲོ་བཞིན་འདུག ཡང་རི་བྲག་མཐོན་པོ་ཞིག་གི་སྤོ་རུ་ཡོད་པའི་དགོན་སྡེ་གློག་བརྙན་གྲགས་ཅན་མཛུབ་ དཀྲིས་ཀྱི་རྒྱལ་པོའི་ནང་གི་རྒྱལ་མཁར་དེ་འདྲ་ཞིག་གི་བར་སྣང་དུ་རང་ཉིད་གང་ འདོད་དུ་འཕུར་ནས་འགྲོ་བཞིན་འདུག་ཅིང་། དེ་དང་མཉམ་དུ་རྨི་ལམ་ནང་བཟང་སྤྱོད་སྨོན་ལམ་འདོན་བཞིན་པའི་མུར་གཉིད་ལས་སད་ དུས་ཕྱེད་ཀ་ཙམ་ལ་བསླེབས་འདུག་ཅིང་འདི་འདྲ་དེ་སྔ་ཡང་ལན་གྲངས་དུ་མར་བྱུང་ཡང་། ལྷ་ཡི་བྱིན་རླབས་ཡིན་ནམ་འདྲེ་གདོན་གྱི་གནོད་པ་གང་ཡིན་མ་ངེས།
dscn4461
མདང་དགོང་བརྙན་འཕྲིན་ལ་ བལྟས་ཏེ་ཉལ་འཕྱི་བས་ད་ནངས་ཆུ་ཚོད་དགུ་པ་མ་ཟིན་ཙམ་བར་དུ་གཉིད་ལས་སད་མ་བྱུང་། ཉལ་སའི་ནང་ནས་མགོ་བཀྱགས་ཏེ་དྲ་ངོས་སུ་ཉུལ་ཙམ་བྱས། གློག་འཕྲིན་ནང་དུ་ལན་འབྱོར་བར་བལྟས་ན་དོ་དགོང་མི་སུམ་ཅུ་བཞི་ཅུ་ཙམ་ཞིག་ ཚོགས་འདུར་བསླེབ་རྒྱུ་ཡིན་པ་འདྲ། གནམ་ངོ་དྭངས་ཤིང་ཉི་འོད་སེར་པོ་ཞིག་ཀྱང་སྤྲིན་པ་སྲབ་བུ་དག་གི་བར་གསེང་ནས་ འཕྲོས་ཡོང་།
ཀླུ་སྨྱོན་རྩོམ་རིག་བྱ་ དགའི་མཐའ་མའི་དཔྱད་འདེམས་པ་བེ་རུ་འཇིགས་མེད་དང་ཉི་མ་འཚོ། རིག་འབྱུང་དོན་གྲུབ་བཀྲ་ཤིས་གསུམ་གྱིས་དཔྱད་བསྡུར་བྱས་པ་བརྒྱུད་དཔྱད་འདེམས་ པ་སྔོན་མ་གཉིས་ཀྱིས་འཇིགས་མེད་བློ་གྲོས་རྒྱལ་མཚན་ལགས་ཀྱི་དངོས་བྲིས་རྩོམ་ ཡིག་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་ པ་དེ་རྩོམ་ཡིག་རྩེ་གྲས་སུ་བདམས་འདུག་པས། དཔྱད་འདེམས་པ་གསུམ་གས་རྩོམ་ཡིག་དྲག་འདེམས་བྱེད་སྐབས་སུ་བསྐུར་པའི་ཡི་གེ་དང་ བཅས་པ་ཁ་བརྡ་དྲ་ངོས་སུ་བཞག་སྟེ། སྐབས་དང་པོའི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་ཨང་དང་པོ་དེ་ འཇིགས་མེད་བློ་གྲོས་རྒྱལ་མཚན་ལགས་ཀྱི་དངོས་བྲིས་རྩོམ་ཡིག་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་པ་དེ་ཡིན་ལུགས་གསལ་བསྒྲགས་བྱས།
Tuesday 25 October 2011
dscn4681
ཟླ་བཅུ་པའི་ཚེས་ཉེར་ལྔ།
མདང་དགོང་རྨི་ལམ་ཟ་ཟི་མང་ ཞིང་བལ་ཡུལ་ནས་རླངས་འཁོར་རྙིང་པ་སྔོན་མར་གཞིས་ཀ་རྩེ་ནས་ས་དགའ་རྫོང་བར་དུ་ ཡོང་སྤྱད་ཀྱི་དོས་སྐྱེལ་རླངས་འཁོར་དེ་འདྲ་ཞིག་གི་ནང་དུ་བསྡད་ནས་རྒྱ་གར་དུ་ འགྲོ་བཞིན་འདུག་ཅིང་། ས་མཚམས་ནས་ལག་ཁྱེར་གྱི་སྟེང་དུ་ཆོག་མཆན་ཤོག་ལྷེ་ཞིག་སྦྱོར་རྒྱུར་དལ་འགོར་ བྱས་པར་དངངས་འཚབ་ལངས་པ་འདྲ་བོ་ཞིག་རྨིས།
ཆུ་ཚོད་བརྒྱད་དང་ཕྱེད་ ཀའི་སྟེང་ཡར་ལངས་ཤིང་། ཁ་འདོན་བྱེད་ཞོར་གློག་ཀླད་ཁ་ཕྱེ་སྟེ་དྲ་ཚིགས་ཁག་ཉུལ་དུས། ཁམས་དཀར་མཛེས་དགོན་པའི་གྲྭ་པ་ཞིག་གིས་རང་ལུས་མེ་བསྲེགས་བཏང་བའི་སྐོར་ཞིག་ སོགས་མཐོང་། ཆུ་ཚོད་བཅུ་པའི་སྟེང་དབྱིན་ཡིག་གི་འཛིན་གྲྭ་ཚུགས་ནས་ཅང་མ་འགོར་བས་རྒྱ་རོང་ དང་མགོ་ལོག་ནས་ཡིན་པའི་སྐུ་ཞོགས་གཉིས་བླ་མ་ཚང་མཇལ་བར་ཕེབས་བྱུང་བས། ཁོང་གཉིས་བླ་མ་ཚང་གི་སྐུ་མདུན་དུ་ཁྲིད་པ་དང་མཚམས་སྦྱོར་མདོར་བསྡུས་སོགས་ ཞུས། ཁོང་གཉིས་གསེར་རྟ་ནས་སློབ་སྦྱོང་བྱེད་མྱོང་ཞིང་དེང་སྐབས་ཨ་རིར་རྒྱུན་བཞུགས་ དང་། སོ་སོར་རང་དབང་གི་ཆོས་ཚོགས་རེ་ཡོད་མཁན་རེད་འདུག
Monday 24 October 2011
dscn4597
མདང་དགོང་ནམ་གུང་ཞིག་ལ་ གཉིད་ལས་སད་བྱུང་བས་ཆུ་ཚོད་གཅིག་ཙམ་ལ་རྡ་རམ་ས་ལར་ཡོད་པའི་ཨ་མདོའི་ཞི་མོ་ ཀླུ་མོ་མཚོ་ཞེས་པ་ཞིག་དང་མཉམ་དུ་ཐ་སྙད་ཅིག་གི་སྐོར་བགྲོ་གླེང་བྱས། དེ་ཡང་ཟླ་ཤས་སྔོན་ཞིག་ལ་མོ་དང་མཉམ་དུ་ཁ་བརྡ་བྱེད་དུས་མོའི་འདྲ་པར་ཞིག་གི་ རྒྱབ་ལྗོངས་གཞིར་བཞག་སྙན་ངག་འདི་འདྲ་ཞིག་བྲིས་པ་ཡིན།
བསྐལ་པར་བརྩེགས་པའི་རྡུལ་ཚོགས་དཀར་པོའི་བྱེ་མ་དགུ་ཚིགས་མུ་ཁྱུད་ལས་འཐོར་ཏེ། །
བསིལ་ལྡན་གངས་ཀྱི་ས་འཛིན་མཐོན་པོའི་རྨི་ལམ་མཛེས་པའི་རྒྱན་གཅིག་ཉིད་གྱུར་པ། །
སྨན་ལྗོངས་མཐའ་ཡི་ལྕགས་རི་ཅི་བཞིན་གནམ་སྔོན་བསྙེགས་པའི་གཟི་བརྗིད་དྲག་པོ་འདིས། །
དམར་པོ་ཁྲག་གིས་ལོ་རྒྱུས་བྲིས་པའི་བདག་གི་མེས་པོ་འབུམ་ཕྲག་དེ་རིང་དྲན། །
དེ་ནས་མར་ཉལ་བས་ཆུ་ཚོད་ དགུ་བ་བར་དུ་གཉིད་ལས་མ་སད། ཞོགས་པ་འདིར་མཁའ་དབྱིངས་སུ་ཆར་སྤྲིན་རྡོག་པོ་ཁྱུ་ཞིག་རྒྱུ་བའི་བར་གསེང་ནས་ གནམ་སྔོན་ཏོག་ཙམ་རེ་མཐོང་རྒྱུ་འདུག་ཅིང་། སྒེའུ་ཁུང་ལས་ལོ་མ་སེར་པོ་དག་གང་སར་སྟོན་རླུང་གི་ཁྲོད་དུ་འཕུར་བཞིན་པ་མཐོང་ བའི་མོད་ལ་སེམས་ནང་སྐྱོ་གདུང་དྲག་པོ་ཞིག་དབང་མེད་དུ་སྐྱེ་ཡོང་།
Saturday 22 October 2011
dscn4591
མདང་དགོང་རྨི་ལམ་འགའ་ རྨིས་པའི་ཁྲོད་ཀྱི་གཅིག་ནི་ཁོ་བོ་བླ་མའི་གདན་ས་རུ་ཡོད་པ་ཞིག་དང་། ཡང་གདན་སའི་མདུན་ཐང་དེར་བསྡད་འདུག་དུས། ལྷོ་ཕྱོགས་ནས་རྒྱ་མཚོའམ་གཙང་ཆེན་ལྟ་བུའི་ཆུ་ཆེན་པོ་ཞིག་ལུད་དེ་གར་འགྲོ་ གཏོད་མེད་དུ་འགྱུར་བཞིན་འདུག་ཅིང་། རྨི་ལམ་འདི་ནི་ཐེངས་མང་པོར་རྨི་བ་ཞིག་ཡིན་ཞིང་འདི་ལ་ནང་དོན་ག་རེ་ཡོད་མེད་ ནི་མ་ཤེས།
ཆུ་ཚོད་བརྒྱད་དང་ཕྱེད་ཀ་ ཡོལ་ཙམ་ལ་གཉིད་སད་དུས། ཕྱི་རོལ་ནས་ཆར་བ་ཤག་ཤག་ཏུ་འབབ་བཞིན་འདུག ས་འདིར་དབྱར་ཁར་ཆར་བ་མི་འབབ་པར་སྟོན་དགུན་གྱི་རིང་འབབ་པ་ཞིག་ཡིན། མཆོད་པ་བཤམས་རྗེས་མེ་ཆས་བཙལ་ཀྱང་མ་རྙེད་པས་དེ་རིང་ཡང་སྤོས་སྤར་ཐུབ་མ་སོང་ བས། དེ་རིང་ངེས་པར་དུ་མེ་ཆས་ཤིག་ཉོ་གི་ཡིན།
Friday 21 October 2011
dscn4590
མདང་དགོང་རྨི་ལམ་འགའ་ རྨིས་ཤིང་ཕལ་ཆེ་བ་ངོ་ཤེས་པའི་མི་འགའ་གློ་བུར་དུ་ཤི་སོང་བ་དེ་རེད། ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་བར་དུ་ཉལ་བསྡད་རྗེས་ཡར་ལངས་ཤིང་། གནམ་ངོ་རུབ་ནས་ལྟ་སྲོལ་ཞིག་མི་འདུག་པས་མི་ཁོང་ཁྲོ་ཅན་ཞིག་གི་ངོ་གདོང་ལྟར་ སྣང་། མཆོད་པ་བཤམས་རྗེས་ཡང་སྐྱར་མེ་ཆས་མ་རྙེད་པས་སྤོས་སྤར་མ་ཐུབ། ང་ནི་མི་ལེ་ལོ་ཅན་ཞིག་ཡིན་པས་ལས་ཀ་ཚང་མ་རྗེས་ལ་འཇོག་མཁན་ཞིག་དང་། ཐ་ན་རང་གི་ཟ་མ་ཡང་བཟོ་མི་འདོད་མཁན་ཞིག་ཡིན། གསར་འགྱུར་ཐོག་མ་དེ་ལི་སྦི་ཡའི་སྲིད་ཟུར་མོ་མར་སྒ་རྡ་ཧྥིས་གསོན་བཟུང་གིས་ དམར་གསོད་བཏང་བའི་སྐོར་དེ་རེད་ལ། གསར་འགྱུར་བརྒྱུད་ལམ་ཚང་མའི་ངོས་སུ་ས་སྒྲོག་གནམ་སྒྲོག་བྱེད་བཞིན་འདུག་ཅིང་། ངོ་ལོག་ཤོག་ཁག་གིས་མེ་མདའ་གནམ་ལ་འཕྱར་བཞིན་དགའ་འབོད་བྱེད་བཞིན་འདུག་སྟེ། ལི་སྦི་ཡའི་སྲིད་གཞུང་གསར་བརྗེ་དེ་ཡང་ཨེ་རྗིབ་ཀྱི་གསར་བརྗེ་བཞིན་རྙོག་དྲ་ ཅན་ཞིག་ཏུ་མི་འགྱུར་བའི་གདེང་ཚོད་སུ་ལ་ཡོད། གཞན་རྔ་བའི་ཨ་ནི་བསྟན་འཛིན་གྱི་མེར་བསྲེགས་པའི་ཕུང་པོ་དེ་སྤང་ཁུག་ཅིག་ལ་ཁ་ སྦུབ་ཏུ་འགྱེལ་བསྡད་ཡོད་པ་དེ་མཐོང་བས་སྐྱོ་སྣང་ཟད་མི་ཤེས་པ་ཞིག་སྐྱེས་ བྱུང་།
Wednesday 19 October 2011
dscn4580
ཐོ་རེངས་ཆུ་ཚོད་ལྔ་བ་ཙམ་ ལ་གཅིན་པ་གཏོང་རྒྱུ་ཡོང་སྟེ་གཉིད་ལས་སད་བྱུང་བས། གསང་སྤྱོད་དུ་ཐེངས་ཤིག་སོང་རྗེས་ཡང་སྐྱར་ཉལ་བསྡད་པ་ཡིན། རྨི་ལམ་ནང་དུ་ཕ་ཡུལ་ལ་བསླེབས་འདུག་ཅིང་། ཁོ་བོ་བྱིས་པ་ཡིན་དུས་ངེད་ཚང་གི་རུ་བ་འབབ་སའི་ལུང་གཞོང་ཞིག་ཡོད་པ་དེ་ བསྙེགས་ནས་འགྲོ་བཞིན་འདུག་ཅིང་། དེར་བསླེབས་པ་ན་གསེར་རྟ་དགོན་པ་ཡིན་ཞེས་པའི་དགོན་ཆེན་ཕ་མཐའ་མི་མངོན་པ་ཞིག་ ཏུ་འབྱོར་སོང་། དགོན་འདབས་ནས་རྙིང་མའི་མཁས་ཆེན་འཇུ་མི་ཕམ་པའི་ཚ་བོ་ཡིན་ཟེར་བའི་གྲྭ་གཞོན་ མཛེས་སྡུག་ལྟ་བས་མི་ངོམས་པ་ཞིག་གིས་བསུ་བ་འདྲ་ཞིག་བྱས་ཏེ་དགོན་ནང་ཁྲིད་ ཅིང་། གྲྭ་ཤག་ཅེས་པ་ཞིག་མི་མངོན་པར་མཆོད་རྟེན་ཆེན་པོ་ཕྱི་ངོས་ཤེལ་སྒོས་གཡོགས་པ་ དང་རྡོ་བརྩིགས་ཅན་ཤ་སྟག་གི་བར་གསེང་ཞིག་ལ་བསླེབས་ཤིང་། མཆོད་རྟེན་རེ་རེ་ས་རྡོ་ཡིན་པའི་འདུ་ཤེས་མེད་པར་དེ་དག་ལ་གཟི་བརྗིད་དང་ནུས་ཤུགས་ཁྱད་པར་བ་ ཞིག་འདུག
Tuesday 18 October 2011
dscn4579
ཀླུ་སྨྱོན།
མདང་དགོང་རྨི་ལམ་ཟ་ཟི་མང་ ཞིང་ཉལ་ཁར་འབྲུག་མོ་ཞིག་གི་ངོ་དེབ་ལས་རྫོང་གསར་མཁྱེན་བརྩེའི་བརྗོད་ཚིག་དུམ་ བུ་འགའ་བཀླགས་པས་ཡིན་ནམ་ཁོང་རྨི་ལམ་ནང་ཕེབས་སོང་། ནམ་སྨད་ཆུ་ཚོད་ལྔ་བ་ཙམ་ལ་གཉིད་ལས་སད་བྱུང་བས་གློག་ཀླད་སྤར་ཏེ་དྲ་ངོས་སུ་ ཉུལ་ཙམ་བྱས་རྗེས་ཡང་སྐྱར་ཉལ་བསྡད་པས་ཆུ་ཚོད་དགུ་བ་བར་དུ་གཉིད་འདུག མདང་དགོང་གི་གནམ་གཤིས་སྔོན་བརྡ་དེ་ཐིགས་པོ་བྱུང་བ་འདྲ་སྟེ། མིག་ཕྱེས་དུས་ཉི་འོད་སེར་ལྷང་ལྷང་ཞིག་་ཉལ་སའི་ནང་དུ་འཕྲོས་འདུག་པའི་ཀློང་ དུ་ས་རྡུལ་ཕྲ་མོ་དུ་མ་ཞིག་རང་འོད་དམ་ལྡོག་འོད་འཕྲོ་བཞིན་བན་བུན་དུ་རྒྱུ་ བཞིན་འདུག ཁང་མིག་ཕར་ཕྱོགས་དེའི་ནང་དུ་སྟོན་པ་སོགས་ཀྱི་སྐུ་མདུན་དུ་མཆོད་པ་བཤམས་རྗེས་ འཇར་པན་ནས་ཐོན་པའི་སྤོས་དྲི་མ་ཞིམ་པོ་ཅན་ཞིག་སྤར་རྩིས་བྱས་ཀྱང་མེ་ཆས་དེ་མ་ རྙེད། དེ་ནས་ཁ་ཏོན་འདོན་ཞོར་དྲ་ངོས་ཉུལ། དེང་སྐབས་ཀྱི་ང་ནི་དྲ་འབུ་ངོ་མ་ཞིག་ཆགས་འདུག་ལ་ཤི་རྗེས་ཀྱང་དྲ་འབུའི་སྐྱེ་ བ་ལེན་པར་ཐེ་ཚོམ་མི་འདུག ཞོགས་ཇ་འཐུང་བཞིན་པའི་སྐབས་སུ། ཤག་མཚེས་ལྷ་བཟོ་མིག་དམར་གྱིས་སྦེ་སྦེ་སིའི་རླུང་འཕྲིན་ལས་བོད་ནང་ཨ་ནེ་ཞིག་ གིས་རང་ལུས་མེ་རུ་སྦར་བའི་གནས་ཚུལ་དེ་བརྗོད་སོང་ཟེར།
Monday 17 October 2011
dscn4538
ཆུ་ཚོད་བརྒྱད་པར་གཉིད་ལས་ སད་ཀྱང་ལངས་མ་འདོད་པར་དགུ་བ་བར་དུ་ཉལ་བསྡད། མདང་དགོང་རྨི་ལམ་རབ་རིབ་ཅན་མང་ཞིང་། བྲག་རྩ་ཞིག་ན་གུ་རུ་རིན་པོ་ཆེར་གསོལ་བ་འདེབ་ཞོར་ཅིག་འཚོལ་བཞིན་འདུག ཁ་སང་དགོང་མོར་ཉིན་ཐོ་བྲིས་ཏེ་འཕྱི་བོའི་བར་དུ་བསྡད་པས་ཡིན་ནམ་གཉིད་མ་སད་ ཅིག་ལ་མིག་ལམ་དུ་བོད་ཡིག་དབུ་ཅན་མང་པོ་ཞིག་འཆར་ཡོང་གི་འདུག མིག་ལྤགས་དམ་པོར་བཙུམས་ན་ཇེ་གསལ་དུ་འགྲོ་ཡང་དམིགས་པ་གཏད་དེ་ཀློག་རྩིས་བྱས་ ན་རིམ་བཞིན་ཡལ་འགྲོ་བ་ཞིག་འདུག སྣང་ཚུལ་འདི་ནི་ཁོ་བོར་ལོ་འགའི་སྔོན་ནས་བྱུང་ཞིང་། གོང་ས་མཆོག་གིས་བརྩི་མཐོང་ཆེན་པོ་མཛད་པའི་སྔ་འགྱུར་རྙིང་མའི་བླ་མ་ཚད་ལྡན་ ཞིག་ལ་དེ་ལུགས་ཞུས་པར། མཚམས་ལ་བསྡད་དེ་ཚིག་བདུན་གསོལ་འདེབས་འབུམ་ཕྲག་གཅིག་ཟློས་དང་དེ་ནས་གཏེར་ རྟགས་ཤིག་ཡིན་ན་ཇེ་གསལ་དུ་འགྲོ་གི་རེད་གསུངས་ཀྱང་ལེ་ལོའི་དབང་གིས་ད་བར་དེ་ ལྟར་བྱེད་ཐུབ་མ་སོང་། གཅིག་བྱས་ན་ང་ཚོའི་མིག་འདིའི་ནང་དུ་པར་ཆས་ཀྱི་སྦྱིན་ཤོག་ལྟ་བུའི་རྫས་རིགས་ ཤིག་ཡོད་པའི་ངོས་སུ་མདང་དགོང་བཀླགས་པའི་ཡིག་འབྲུ་དེ་ཚོའི་ལྡོག་གཟུགས་དག་ འབྱར་བསྡད་ཡོད་པ་ཞིག་ཀྱང་ཡིན་སྲིད།
Sunday 16 October 2011
dscn4529
ཀླུ་སྨྱོན།
མདང་དགོང་ཡང་རྨི་ལམ་ཟ་ཟི་ མང་ཞིང་དགོད་བྲོ་བ་ཞིག་ནི་ཁོ་བོ་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཨོ་སྦ་མ་དང་ ཅོག་ཙེ་གཅིག་གི་ཕར་ཚུར་བྱས་ནས་ལས་ཀ་བྱེད་བཞིན་འདུག་པ་དེ་རེད།
ཆུ་ཚོད་བརྒྱད་པ་ཙམ་ལ་ཉལ་ སའི་ནང་ནས་མགོ་བཀྱགས་ཏེ་དྲ་ངོས་སུ་ཉུལ་ཙམ་བྱས་རྗེས་ཡར་ལངས། མཆོད་བཤམས་སྒོམ་སྒྲུབ་ཐུང་ཙམ་བྱས་རྗེས་དེ་རིང་གི་གཏམ་བཤད་ཤོག་ལྷེ་དྲུག་ཅན་ དེ་ཤོག་ངོས་སུ་དཔར། ཤོད་དུ་སོང་ནས་ཞོགས་ཇ་བཏུངས་རྗེས་གྲའུ་དཔོན་གྱི་བུ་མོ་ལྷ་མཛེས་ལགས་དང་མཉམ་ དུ་བླ་མ་ཚང་གི་རྣམ་ཐར་ཁོ་བོས་བྲིས་པ་ཤོག་ངོས་དྲུག་བརྒྱ་ཅན་དེའི་ཤོག་ངོས་ གཅིག་དང་ཕྱེད་ཀ་ཙམ་དབྱིན་སྒྱུར་བྱས། ལྷ་མཛེས་ལགས་ནི་ཆུང་དུས་དབྱིན་ཇིའི་སློབ་གྲྭར་ཕེབས་ཏེ་དབྱིན་ཡིག་སྦྱངས་པ་ མཐར་སོན་པར་བྱས་རྗེས་འདི་ག་ཨ་རིའི་གནས་སྤོས་བྱས་པ་ཞིིག་ཡིན་པ་དང་། གཤིས་རྒྱུད་འཇམ་ཞིང་སེམས་པ་བཟང་བའི་བོད་རིགས་བུད་མེད་མཆོག་ཏུ་གྱུར་པ་ཞིག་ རེད།
dscn4493

ཆུ་ཚོད་བརྒྱད་པར་གཉིད་སད། མདང་དགོང་ཡང་རྨི་ལམ་རབ་རིབ་མང་། རི་མགོ་ཞིག་ཏུ་རྩྭ་སྐྱར་མེ་ལྕེ་མཆེད་པ་ཞིག་ཤུགས་གང་ཡོད་ཀྱིས་གསོད་ཅི་ཐུབ་ བྱེད་བཞིན་འདུག་ལ། མཐའ་མར་མེ་ལྕེ་ཆུང་ཆུང་དེ་དག་གཅིག་ཀྱང་མ་ལུས་པར་གསོད་ཐུབ་ཙམ་བྱུང་ཡང་། དུག་སྡོམ་ཞིག་བག་ལེབ་ཅིག་གི་ཁུག་ཏུ་འཛུལ་སོང་བ་དེ་ཅི་ཡིན་མི་ཤེས། བླ་མ་ཞིག་གིས་བཀའ་འགྱུར་གྱི་ལྗགས་ལུང་གསུང་བཞིན་འདུག
ཉལ་སའི་ནང་གློག་ཀླད་པང་ དུ་བཞག་སྟེ་དྲ་ངོས་ཉུལ། ཚེ་རིང་སྐྱིད་ཀྱི་ངོ་དེབ་སྟེང་དུ་མདང་དགོང་གི་རང་ལུས་མཆོད་མེར་འབུལ་མཁན་རྔ་ བའི་དཔའ་རྒོད་དེའི་མིང་ལ་ནོར་བུ་དགྲ་འདུལ་ཞེས་བྲིས་འདུག དེ་དག་ལ་དམིགས་ནས། དྲག་ཏུ་འབར་བའི་མེའི་ནང་པད་མཚོ་ལ། །
རྩེན་པའི་ངང་པ་ཁྱུ་བཞིན་འཇིགས་མེད་པར། །
རང་ཡུལ་ཁ་བ་ཅན་གྱི་རང་དབང་ཆེད། །
རང་སྲོག་དོར་བའི་དཔའ་བོ་དེ་ཚོའི་ཆེད། །
མཆོད་མེ་རྐོང་བུ་གང་གི་མཆོད་པ་ཞིག །
ལག་གཉིས་ཐལ་མོ་སྦྱར་བའི་སྨོན་ལམ་ཞིག །
ངོ་གདོང་བརྒྱུད་ནས་བཞུར་བའི་མཆི་མ་ཞིག །
ད་ནི་སྔོན་གཤེགས་དཔའ་བོའི་རྗེས་སུ་འབུལ། །
ཞེས་པ་ཞིག་བྲིས་ཏེ་མོའི་ངོ་དེབ་སྟེང་བཞག
Saturday 15 October 2011
མེ་ཞིག་འབར་བྱུང་།
མེ་དེ་ག་འདྲ་བྱས་ནས་འབར་སོང་ངམ།
མེ་དེ་གང་ནས་འབར་སོང་ངམ།
མེ་དེ་འབར་སྟངས་ག་འདྲ་ཞིག་ཡིན་ནམ།
མེ་དེ་ཤི་སྟངས་ག་འདྲ་ཞིག་ཡིན་ནམ།
མེ་དེ་ག་འདྲ་བྱས་ནས་ལོ་རྒྱུས་སུ་གྱུར་པ་ཡིན་ནམ།
དེ་རིང་ལས་ཀ་དེ་ཙམ་མེད་ པར་ཆུ་ཚོད་དགུ་བ་བར་དུ་ཉལ་ནས་བསྡད། རྨི་ལམ་ཟ་ཟི་མང་པོ་ཞིག་རྨིས། ཕ་མ་གཉིས་དང་མཉམ་དུ་ལུང་པ་སྐྱིད་པོ་ཞིག་ཏུ་འདུག ཡང་མི་མང་པོ་ཞིག་དང་མཉམ་དུ་ཕུ་བོ་ལྡོང་ཕྲུག་དང་ལྷན་དུ་ཡོད་ཅིང་། ཁོང་གིས་མིག་གཉིས་གྱེན་དུ་བགྲད་ནས་སྒོམ་ལྟ་བུ་ཞིག་རྒྱག་བཞིན་འདུག ཉལ་སའི་ནང་ནས་སྐེ་དཀྱོགས་ཏེ་དྲ་ངོས་ཉུལ། གྲོགས་ལྷ་ཆབ་སྦྱིན་པ་ལགས་ནས་ཁོ་བོ་མི་ཕལ་བའི་ནང་གི་ཕལ་བ་ཞིག་ཡིན་པས་ཀླུ་ སྨྱོན་རྩོམ་རིག་བྱ་དགའི་ལས་འགུལ་སྤེལ་བ་དེ་ཚབས་ཆེའི་ལས་ཀ་ཞིག་ཡིན་ལུགས་ བརྗོད་འདུག
གནམ་གཤིས་དེ་ཙམ་སྡུག་པོ་ མི་འདུག་པ་སྟེ། སྤྲིན་པ་ཐར་ཐོར་གྱི་ཀློང་ནས་དྲོད་རྟ་རྔ་ཙམ་མེད་པའི་ཉི་འོད་སེར་ལྷང་ལྷང་ཞིག་ འཕྲོ་བཞིན་འདུག་ཅིང་། བསིལ་རླུང་ཞིག་གིས་ལོ་མ་སེར་པོ་དག་ཕྱོགས་གང་སར་འདེད་བཞིན་འདུག དྲ་གྲོགས་ཤིག་དང་མཉམ་དུ་ཁ་བརྡ་ཏོག་ཙམ་ཞིག་བྱས་རྗེས་ཤོད་དུ་བབས་ནས་ཞོགས་ཇ་ ཞིག་འཐུངས།
Friday 14 October 2011
dscn44891
ཀླུ་སྨྱོན།
ཞོགས་པ་ནས་ཉི་འོད་དྲོ་ ཞིང་རླུང་བུ་ལྡང་། ཉལ་སའི་ནང་ནས་དྲ་ཚིགས་ཁག་ཉུལ། ཞོགས་ཇ་འཐུང་ཚར་མ་ཚར་ཙམ་ལ་ཁ་པར་ཞིག་ཡོང་སྟེ་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ རྟགས་མ་བཟོས་ཚར་བས་ལེན་དུ་ཤོག་ཟེར་བས། ལྕགས་རྟར་ཞོན་ཏེ་ཤར་མར་བརྒྱུགས། ས་འདིའི་སྟོན་ཁར་མཐོང་དཀོན་པའི་ཞོགས་པའི་ཉི་འོད་ཀྱི་ཀློང་དུ་མི་རྣམས་རང་རང་ གི་ས་རུ་ལས་ཀར་འགྲོ་བ་དང་རྒྱུགས་གཤར་གློད་པ་སོགས་འཁོར་བའི་གྲུབ་ཆ་ཆུང་ཆུང་ དེ་ཚོ་སུས་ཀྱང་དོ་སྣང་མི་བྱེད་པའི་བར་དེར་འཁོར་རྒྱུག་བྱེད་བཞིན་འདུག
རྟགས་མ་ཁྱེར་ནས་ནང་དུ་ ལོག་རྗེས་ཁ་སང་དྲ་ངོས་སུ་བཞག་པའི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་མཇུག་འབྲས་ གསལ་བསྒྲགས་ཐུང་ཐུང་དེའི་ཀླད་དེར་བཞག ཉི་འོད་དྲོན་པོ་ཞིག་སྒེའུ་ཁུང་བརྒྱུད་དེ་ཉལ་སའི་ནང་འཕྲོས་འདུག་པས། གྱོན་པ་ཕུད་དེ་གཅེར་ཉལ་ཏོག་ཙམ་བྱས་ཀྱང་ནམ་ཟླ་སྟོན་ཁ་ཡིན་པས་དབྱར་ཁ་ནང་བཞིན་ སྒལ་གཞུང་ནས་རྔུལ་ནག་བཞུར་བ་དེ་འདྲ་ཞིག་མི་འདུག གྲོགས་པོ་འཕྲིན་ལས་ཀྱིས་མགྲོན་འབོད་བྱས་པ་བཞིན་ཁོ་རི་ཡའི་ཟ་ཁང་དེར་བསྐྱོད། ཞབས་ཞུ་མ་མཛེས་མ་དེ་འཛུལ་དམུལ་ལེར་ཇ་འདྲེན་ཟས་སྐྱེལ་ལ་བྲེལ་བཞིན་འདུག་ཅིང་། འཕྲིན་ལས་ཀྱི་བུ་ཆུང་དེ་ཏོག་ཙམ་རིང་པང་ཁར་ཉར་བས། ལོ་ངོ་སུམ་ཅུའི་སྔོན་རང་གིས་ནུ་བོ་ཆུང་ཤོས་གཟི་མིག་གསུམ་པ་སྐྱེས་ནས་གཟའ་ འཁོར་གཅིག་གི་རྗེས་ནས་བཟུང་སྟེ་གཉོར་སྐྱོང་བྱས་པ་དེ་སེམས་ནང་དྲན་ཡོང་། དེ་དུས་བྱིས་པས་བྱིས་པ་གཉོར་བ་ཡིན་ཞིང་། བོད་ཀྱི་ས་ཆ་ལ་ལར་དེ་ལ་ཤིག་གིས་སྲོ་མ་པང་བ་ཞེས་འབོད་སྲོལ་འདུག ཟ་མ་ཟོས་ཚར་རྗེས་འཁྱག་སྤྲི་ཚོང་ཁང་སྐད་གྲགས་ཅན་ནམ་རྒྱུན་མི་ཚོགས་ཀྱི་གྲལ་ རིང་པོ་རེ་ཕྱི་རོལ་ན་བསྒྲིགས་བསྡད་ཡོད་པ་ཞིག་ཡོད་པར་སོང་ཡང་དེ་ཚང་གི་ཉིན་ གུང་སྒོ་རྒྱག་པའི་དུས་ཚོད་དེར་ཁེལ་འདུག
Wednesday 12 October 2011

དཔྱད་འདེམས་པ་བེ་རི་འཇིགས་མེད་ཀྱིས་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་ཨང་དང་པོ་བདམས་པ།
ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ། ཨང་དང་པོ།
1
སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་
(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
http://www.khabdha.org/?p=21691
ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ། ཨང་གཉིས་པ།
34
ན་མཉམ་རྣམས་ལ་ཕུལ་བའི་སྙིང་གཏམ། (བོད་འབྱོར)
(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ)
གཡུ་མཚོ།
http://www.khabdha.org/?p=22007
ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ། ཨང་གསུམ་པ།
7
སྙན་ངག་སྤྲིན་གྱི་ཕོ་ཉ་བཀླགས་རྗེས་ཀྱི་འཆར་སྣང་དྲན་ཐོར་བཀོད་པ།
(ཀླུ་སྨྱོན་འགྲན་རྩོམ།)
ཆུ་ཐིགས་སྔོན་མོ།
http://www.khabdha.org/?p=21738

Tuesday 11 October 2011
dscn4387
རྨི་ལམ་ཟ་ཟི་མང་པོ་ཞིག་ རྨིས་ཏེ་ཆུ་ཚོད་དགུ་པ་བར་དུ་གཉིད་མ་སད། དེ་ཡང་རྨི་ལམ་ནང་དུ་ང་རང་ཕ་ཡུལ་གྱི་དགོན་པའི་རྒྱབ་རི་མཐོན་པོ་དེའི་རྩེ་རུ་ འདུག་ཅིང་། སྣང་བ་ཞིག་ལ་དོམ་ཁྱུ་ཞིག་ཡོང་གི་ཡོད་པ་དང་། དེ་ཚོས་བཟའ་བར་འཇིགས་ཏེ་རྦབ་རྡོ་བསྙིལ་ཅི་ཐུབ་བྱེད་བཞིན་འདུག དེ་ཡང་རྦབ་རྡོ་ཆེན་པོ་འབྲོང་གཡག་ཙམ་རེ་བསྙིལ་ཐུབ་སོང་། འགའ་རེ་ཐུར་དུ་འགྲིལ་ནས་དགོན་པའི་ཞོལ་གྱི་རྒྱ་ལམ་སྟེང་དུ་འབྲོག་པ་འགའ་རེས་ ནོར་ལུག་དེད་དེ་དབྱར་སར་འགྲོ་བཞིན་པའི་དཀྱིལ་དེ་གར་ལྷུང་སོང་བས། ནོར་ལུག་དེ་ཚོ་རྡོ་གཅུར་བྱས་སོང་བསམས་ནས་བགྱོད་པ་དང་སྐྲག་སྣང་འདྲེས་མ་ཞིག་ སྐྱེས། ཡང་མཚོ་འགྲམ་ཞིག་ཏུ་ངོ་ཤེས་དང་མི་ཤེས་པའི་བུ་མོ་འགའ་དང་མཉམ་དུ་ཆུ་རྩེད་ བྱེད་བཞིན་འདུག དེ་ནས་དབྱིན་ཡིག་གི་འཛིན་གྲྭ་གསར་པ་ཞིག་གི་ནང་དུ་བསླེབས་འདུག ཡང་དགོན་པའི་ཆོས་གྲྭ་ཞིག་ཏུ་བགྲོ་གླེང་གི་དམ་བཅར་བསྡད་འདུག དེ་འདྲའི་རྨི་ལམ་སྣ་ཁ་མང་པོ་ཞིག་གི་ཀློང་ནས་མཚན་རིང་བསྐྱལ་པ་ཡིན།
ཉལ་སའི་ནང་མགོ་ཡར་བཀྱགས་ ཏེ་ཁ་བརྡ་དྲ་བ་དང་དུས་བབ། རང་གི་གློག་འཕྲིན་སོགས་བསྔོགས་ནས་ཡུད་ཙམ་བསྡད་པ་ན། སྐྱག་པ་ཕོན་པོ་ཞིག་རྐུབ་སྒོར་བསླེབས་ནས་གསང་སྤྱོད་དུ་མ་སོང་རང་སོང་བཟོས་ སོང་། ཁྲུས་ཁང་ལས་ཕྱི་རོལ་ཏུ་ཉི་འོད་ལང་ལོང་ཞིག་འཕྲོས་ཡོད་པ་མཐོང་། ནང་དུ་ལོག་ནས་མཆོད་བཤམས་ཁ་ཏོན་སོགས་འཆར་ཅན་བཞིན་བྱས། ངོ་ཤེས་ཨ་རི་བ་ཨེ་རིག་ཟེར་བ་དེས་ཁ་པར་ཡོང་སྟེ་ཁྱེད་ཀྱི་རྩོམ་ཡིག་དབྱིན་ སྒྱུར་གྱི་ཆེད་དུ་དེ་རིང་ཡོང་ཐུབ་ས་མ་རེད་ཟེར་བས། རེས་གཟའ་པ་སངས་སྔ་དྲོར་ཡོང་རྒྱུ་བྱས།
eyes-on-fire
----གཅིག་རྗེས་གཉིས་མཐུད་དུ་འབར་བའི་མེ་ལྕེ་མང་པོ་ཞིག་ལ་རྗེས་དྲན་དུ་ཕུལ།

མེ་ལྕེ་དམར་ལྷེམ་ལྷེམ།
གྲྭ་ཆས་དམར་ལྷེམ་ལྷེམ།
མི་སེམས་དམར་ལྷེམ་ལྷེམ།
དམར་ལྷེམ་ལྷེམ་གྱི་མེ་ལྕེ་མང་པོ་གཞི་གཅིག་ཏུ་འདྲེས་དུས།
གངས་རིའི་ངོས་སུ་ཡང་དེའི་གཟི་འོད་ཅིག་ལྡོག་འཕྲོས་བྱེད་བཞིན་ཡོད།
པོ་ཏ་ལའི་རྡོ་ཐེམ་རེ་རེ་ཡང་ཚ་དྲོད་རྒྱས་ནས་གོམ་པ་སྤོ་ཐབས་བྲལ།
བར་སྣང་ནས་ཁ་བ་ཡང་མེ་ལྕེའི་དབྱིབས་སུ་གྱུར་ནས་དྲག་ཏུ་འབབ།
མེ་ལྕེ་ཡིས་མི་ལུས་བསྲེགས་སོང་།
མེ་ལྕེ་ཡིས་མི་སེམས་བརླན་སོང་།
Monday 10 October 2011
budhaleaf3
གཉིད་ཁུག་བསྡད་ཡོད་དུས་ གློ་བུར་དུ་ཁ་པར་གྱི་སིང་སྒྲས་གཉིད་དཀྲོགས་སོང་། མིག་ཕྱེད་ཀ་གདངས་ནས་ལྟ་དུས་རྒྱལ་སར་ཡོད་པའི་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་ གི་ལས་བྱེད་བུད་མེད་ཅིག་རེད། མོས་འཆི་བ་མི་རྟག་པའི་སྐོར་ཞིག་དྲིས་སོང་བར་གང་ཤེས་ཀྱི་ལན་ཞིག་བཏབ། དེ་ནི་ཤྲི་ལངྐའི་གྲྭ་པ་ཚོས་ནམ་གུང་འཆི་བ་མི་རྟག་པ་བསླེབས་སོང་ཟེར་བཞིན་ཕན་ ཚུན་གྱི་གཉིད་དཀྲོག་རེས་བྱེད་སྲོལ་ཞིག་ཡོད་པ་དེ་དང་འདྲ་བོ་ཞིག་བྱུང་སོང་། ཕྱིར་ཉལ་ན་གཉིད་མི་ཡོང་བ་ཐག་ཆོད་པས་ཡར་ལངས་ཏེ་ཁྲུས་ཁང་དུ་སོང་། སྒེའུ་ཁུང་ལས་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་ཆུ་སྤྲིན་སྔོ་ནག་ཅིག་རྔམ་མཐུག་ པའི་ཚུལ་དུ་འཁྲིགས་བསྡད་འདུག ཁྱིམ་མཚེས་ཚང་གི་ར་སྐོར་ནང་གི་ལྕུག་མ་ཚོམ་བུ་དེ་དག་གི་གསེབ་ཏུ་བྱེའུ་རེ་ ཟུང་གིས་ཞོགས་པའི་མགྲིན་གླུ་ལེན་བཞིན་འདུག་ཅིང་། ལོ་ཤས་སྔོན་གྱི་ཉིན་ཞིག་ཁྲ་གདུག་རྩུབ་ཅན་ཞིག་གིས་དེ་རུ་བྱིའུ་གཉིས་ངའི་མིག་ གིས་མཐོང་ས་དེ་ནས་བསད་དེ་ཟོས་སོང་བ་དེ་སེམས་ནང་ཤར་བྱུང་།
dscn4242མདང་ དགོང་རྨི་ལམ་ཟ་ཟིར་མང་པོ་ཞིག་བཏང་བྱུང་། གཅིག་ནི་སྙན་ངག་མ་ཚེ་རིང་སྐྱིད་དང་འཕྲད་ཅིང་མོས་ཁེ་ན་སྒྲའི་གྲོང་ཁྱེར་ཝེན་ ཁོ་ཝེར་ལ་བོད་རིག་པའི་ཚོགས་འདུ་ཞིག་ཏུ་ཞུགས་པ་ཡིན་ཟེར་བས། འདི་འདྲའི་ཐག་ཉེ་ཞིག་ལ་ཚོགས་འདུ་དེ་འདྲའི་གལ་ཆེན་ཞིག་འཚོགས་པར་ཁྱོས་ང་ལ་ བརྡ་ཞིག་བརྒྱབ་ན་ལོས་ཆོག་སྙམ་བཞིན་རླུང་འདྲ་བོ་ཞིག་ལངས་ནས་བསྡད་འདུག ནམ་སྨད་གནམ་གཤིས་གྲང་རུ་སོང་བས་གཉིད་སད་དེ་ཉལ་ཆས་གསུམ་པ་ཞིག་གྱོན་ནས་ཆུ་ ཚོད་དགུ་བ་པར་དུ་གཉིད་སོང་།
ཡར་ལངས་ཏེ་ཁྲུས་དང་ཁ་ འདོན་སོགས་འཆར་ཅན་བཞིན་དང་། ཞོགས་ཇ་འཐུང་རྗེས་བླ་མ་ཚང་གིས་གུ་རུ་རིན་པོ་ཆེའི་བཀའ་དབང་གནང་གི་ཡིན་རྩིས་ ཀྱིས་ལྷ་ཁང་ནང་དུ་ཨ་རི་བ་ལྔ་བཅུ་ཙམ་དང་མཉམ་དུ་འཛོམས་པ་ན། བླ་མ་མི་ཕམ་ཚང་དང་བདུད་འཇོམས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཚོགས་བསྡུས་དང་མཆོག་ གླིང་གཏེར་བྱོན་གྱི་གསོལ་འདེབས་སོགས་ཕྱོགས་བསྒྲིགས་ཀྱི་ཚོགས་འཁོར་དེབ་དེ་ ཚང་མས་མཉམ་འདོན་གནང་བ་ལས་བཀའ་དབང་ཅང་གསུངས་མ་སོང་།
Saturday 8 October 2011
dscn4122
རྣམ་པ་ཚོ་ངའི་ཉིན་ཐོ་དེ་ ཚོར་ཉོབ་སོང་ངམ། ཡིན་ཡང་ང་ལ་བྱ་ཐབས་ཅི་ཡང་མི་འདུག ངས་མུ་མཐུད་དེ་ཉིན་ཐོ་འབྲི་གི་ཡིན། ང་ལ་མཚོན་ན་འཇིག་རྟེན་འདིར་ཡོང་བའི་རྐང་རྗེས་ཆུང་ཆུང་དེ་ཚོ་ནི་རྩོམ་ཡིག་ འདི་ཚོས་མ་གཏོགས་མཚོན་ཐུབ་པ་ཅི་ཡང་མི་འདུག
ཆུ་ཚོད་དྲུག་པར་ཡར་ལངས་ དུས་ད་དུང་མུན་རུབ་འདུག དེ་རིང་ཞོགས་པ་སྔ་བོར་ཡར་ལངས་དགོས་དོན་ནི་ངེད་ཅག་ཝེ་སྦེ་མཚོ་གླིང་དུ་མཆོད་ རྟེན་གསར་བཞེངས་ཤིག་ལ་རབ་གནས་བྱེད་དུ་འགྲོ་དགོས་པས་ཡིན། ཁྲུས་ཁང་དུ་གདོང་པ་བཀྲུ་དུས་བྱ་བྱེའུ་དག་མལ་ལས་ལངས་ཟིན་ནས་ཅིར་ཅིར་གྱི་ མགྲིན་གླུ་ཐར་ཐོར་རེ་ལེན་བཞིན་འདུག
དེ་རིང་གི་ཉི་མ་འདི་ནི་ ཁོ་བོས་ཟླ་བ་གཅིག་གི་སྔོན་ལ་བོད་ཀྱི་རྩིས་གཞུང་གི་ལམ་ནས་གཏན་ལ་ཕབ་པ་ཞིག་ ཡིན་པས། དེ་རིང་ཉི་མ་ཅུང་ཟད་དྲོ་དགོས་པ་ཞིག་ཡིན་ཡང་ས་འདིའི་སྟོན་ཁའི་གནམ་གཤིས་ལ་ངོ་ མ་འགྱུར་ལྡོག་ཅིག་མང་། རོགས་པ་གཉིས་དང་མཉམ་དུ་རླངས་འཁོར་ཞིག་ལ་བསྡད་དེ་སྐར་མ་ཉི་ཤུ་ཙམ་གྱི་རིང་ མཚོ་འགྲམ་དུ་བསྐྱོད་ཅིང་། ལམ་བར་དུ་སྨུག་པ་འཐིབས་པས་རླངས་འཁོར་ཚང་མ་སྨུག་པའི་འཇིག་རྟེན་ཞིག་གི་ནང་དུ་ ཡལ་འགྲོ་བ་ལྟར་སྣང་བས། མགྱོགས་པོར་འཁུར་ཁུག་ལས་པར་ཆས་བླངས་ཏེ་འདྲ་པར་འགའ་བརྒྱབ། དེ་ནས་སྐར་མ་བཞི་བཅུ་ཙམ་ལ་བསྒུགས་རྗེས་རླངས་འཁོར་ལྔ་བཅུ་ཙམ་ཤོངས་པའི་གྲུ་ གཟིངས་དེར་བསྡད་དེ་མཚོ་གླིང་དུ་ཆས།
dscn4114

ཞོགས་པར་ཆུ་ཚོད་བརྒྱད་དང་ ཕྱེད་ཀ་བར་དུ་ཉལ་བསྡད། མདང་དགོང་རྨི་ལམ་སྐྱིད་པོ་འགའ་བཏང་བྱུང་ཡང་འདིར་བརྗོད་ན་མི་འདོད། ཁྲུས་ཁང་ནས་གནམ་ངོ་འཐིབས་ཤིང་བསིལ་རླུང་ལྡང་སྟེ་སྟོན་ལོ་སེར་པོ་དག་ཕྱོགས་ ཕྱོགས་སུ་འཐོར་བཞིན་པའི་སྣང་ཚུལ་སྐྱོ་བོ་ཞིག་མཐོང་།
ཞོགས་ཇ་ཞིག་འཐུང་ཞོར་རང་ གི་དབྱིན་དེབ་ཀྱི་རྒྱབ་ཤོག་ཇུས་འགོད་སྐྱར་མ་ཞིག་བྱས། ཆོས་གྲོགས་ཤིག་གི་ཁ་པར་ཡོང་ནས་ཁོང་འགྲིམ་འགྲུལ་ཆག་སྒོ་ཞིག་དང་འཕྲད་དེ་རླངས་ འཁོར་ཆག་ཧྲུལ་དུ་བཏང་ཡང་དེའི་ནང་གི་མི་ལ་སྐྱོན་ཅི་ཡང་མ་བྱུང་ཟེར། རྒྱ་མོ་དང་མཉམ་དུ་གནམ་ཀླད་ཁ་བརྡ་ཏོག་ཙམ་བྱས། རྡ་ས་ཀིརྟི་དགོན་པའི་གྲྭ་པ་ཞིག་དང་མཉམ་དུ་སྲིད་དོན་གྱི་ངོས་ནས་རང་ལུས་མེ་ རུ་བསྒྲོན་པ་དེ་འཚེ་བའི་བྱ་སྤྱོད་ཅིག་ཡིན་མིན་སྐོར་དྲ་ངོས་ནས་བགྲོ་གླེང་ ཏོག་ཙམ་བྱས། རང་ལུས་མེ་རུ་བསྒྲོན་པ་དེ་འཚེ་བའི་བྱ་སྤྱོད་ཅིག་ཡིན་ཚེ། ཟས་བཅད་ངོ་རྒོལ་དེ་ཡང་འཚེ་བའི་བྱ་སྤྱོད་ཅིག་རེད། དེ་འདྲ་ཡིན་ན་གན་རྡིས་ཀྱང་འཚེ་བའི་བྱ་སྤྱོད་སྤེལ་ཏེ་སྐད་གྲགས་བཞག་པ་ཡིན་པས། གོང་ས་མཆོག་གན་རྡིའི་རྗེས་འཇུག་པ་ཞིག་ཏུ་ལྟ་ཚུལ་དེར་ཡང་འགྱུར་བ་གཏོང་དགོས་ པར་བསམས་པ་སོགས་བརྗོད།
གོང་ས་མཆོག་གི་དབྱིན་དེབ་ བདེན་པ་བཞི་ཞེས་པ་དེའི་དཀྱིལ་ནས་ཏོག་ཙམ་བཀླགས། ཆུ་ཚོད་གཉིས་པར་གྲོགས་པོ་ཨ་རི་བ་ཇེ་ཧྥུ་དང་མཉམ་དུ་ཁོ་བོའི་གཏམ་བཤད་རྗེས་མ་ ལས་ལས་ཐར་པ་ཞེས་པ་དེའི་བརྗོད་བྱ་དང་རྗོད་བྱེད་སོགས་བཀོད་སྒྲིག་བྱས་ཏེ་ཁྱབ་ བསྒྲགས་ཤོག་ལྷེ་ཞིག་བཟོས་ནས་གཏམ་བཤད་བྱེད་སའི་ཇ་ཚོང་ཁང་དེའི་སྦྱིན་བདག་ཟེན་ ཁྱི་རྒན་ཞེས་པ་དེར་བཏང་། ཟེན་ཁྱི་རྒན་ནི་སྨྲ་ར་རིང་པོ་ཅན་གྱི་ཨ་རི་བ་མི་རྒན་ལོ་ལོན་རྒྱ་ནག་གི་གནའ་ སྔ་མོའི་དྲང་སྲོང་དེ་ཚོའི་གཅིག་ལྟ་བུ་ཞིག་ཡིན་ཞིང་། རྒྱ་ནག་གི་ཇ་དང་རི་མོ་གྲགས་ཅན་དེ་འདྲ་འཚོང་བཞིན་འཚོ་བ་སྐྱེལ་གིན་ཡོད་ཅིང་། ཁོང་གིས་ཁོང་གི་ཇ་ཁང་དེའི་ཐོག་སོ་གཉིས་པའི་མི་སུམ་ཅུ་ཙམ་ཤོངས་པའི་ཚོམས་ཆེན་ དེར་མི་སྣ་འདྲ་མིན་གྱི་གཏམ་བཤད་བཀོད་སྒྲིག་བྱེད་བཞིན་ཡོད།
Thursday 6 October 2011
nubling1
ཀླུ་སྨྱོན།
ཆུ་ཚོད་བརྒྱད་པ་ཙམ་ལ་ཡར་ ལངས། སྒེའུ་ཁུང་ལས་ཆར་སྤྲིན་སྟུག་པོ་ཞིག་ཁ་སང་བཞིན་མཐོང་། མདང་ནུབ་མཚན་གང་ཆར་བ་བབས་ཤིང་ཆར་རྡོག་དག་གིས་སྒེའུ་ཁུང་གི་ངོས་སུ་རྡེག་པའི་ སྒྲ་གསལ་ལ་མི་གསལ་བ་ཞིག་གིས་གཉིད་གུང་ནས་ཡང་ཡང་སད་པར་བྱས།
གློག་ཀླད་ལ་སྐྱོན་ཕྲན་བུ་ ཞིག་འདུག་པས་དྲུང་ཡིག་གློག་ཀླད་མཁས་པ་དེའི་རྩར་བཅར། ཁོས་གློག་ཀླད་གཙང་མ་བཟོ་བའི་རིང་ཞོགས་ཇ་ཞིག་བཏུངས་ཤིང་། དེ་རྗེས་ཁོ་དང་མཉམ་དུ་རང་གི་མི་ཚེའི་ལོ་རྒྱུས་རྒྱལ་ཁབ་མེད་པའི་མི་དབྱིན་ སྒྱུར་དེབ་དེའི་རྒྱབ་ཤོག་ཇུས་འགོད་བྱས། ཁོ་ནི་གློག་ཀླད་མཁས་པ་རྩེ་གྲས་དེ་འདྲ་ཞིག་ཡིན་པས་དུས་ཚོད་ཐུང་ཐུང་ཞིག་གི་ ནང་དེབ་དེའི་རྒྱབ་ཤོག་སྙིང་རྗེ་བོ་ཞིག་ཇུས་འགོད་བྱས་སོང་།