ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Wednesday 14 March 2012




སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་།
ཁྱོད་འཇིག་རྟེན་དུ་བཞུགས་དུས།
གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང་བུ་རེ་རེ་ལྡང་བཞིན་ཡོད་ལ།
བླ་མ་རེ་རེའི་སྤྱན་ལམ་ན་གྲྭ་ཤག་རེ་རེར་ཆོས་དབྱངས་འཕུར།
ཁྱོད་འཇིག་རྟེན་ན་བཞུགས་དུས།
གྲྭ་པ་ལ་གྲྭ་པའི་ཚོད་ཀྱི་སྡོམ་པ་ཡོད་ཅིང་།
གྲྭ་པ་ལ་སྤྱི་ཚོགས་སྟེང་ན་གུས་ཞབས་ཡོད།
ཁྱོད་དག་ཞིང་དུ་ཕེབས་ཚར་དུས།
གྲྭ་པའི་སེམས་ལ་ཡང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས་གནས་མལ་བཅས་ཤིང་།
གྲྭ་པའི་མིག་ལམ་གྱི་འཁོར་བ་ཡང་མཛེས་སྡུག་སྟོང་གི་ཉིང་བཅུད་དུ་གྲུབ་སོང་།


ལྷག་པར་དུ་ན་ནིང་དོ་ཚིགས།
སྟོན་པ་ཁྱེད་ཀྱི་གྲྭ་པ་ཚོས་ཅི་ཞིག་བསམ་བཞིན་པ་མི་ཤེས་མོད།
གྲྭ་པ་མང་པོ་ཞིག་གི་གཟན་སྣེ་མེ་རུ་འབར་སོང་།
མེ་དེས་གྲྭ་པ་རེ་རེའི་སྐུ་ལུས་བསྲེགས་ཤིང་།
མཐའ་སྐོར་གྱི་མི་སྐྱ་ཚོའི་སློག་ཧྲུལ་ཡང་བསྲེག་གྲབ་བྱས་སོང་།
སྟོན་པ་འཇིག་རྟེན་དུ་མི་བཞུགས་དུས།
སངས་རྒྱས་ཀྱི་ཆོས་སྒྲ་ཇེ་གཉོམ་ནས་ཇེ་གཉོམ་དང་།
གྲྭ་པ་ཚོའི་གཟན་སྣེ་རུ་མེ་ལྕེ་རེ་གཅིག་རྗེས་གཉིས་མཐུད།
སྤྱིར་ན་གཟན་དམར་པོ་འདི་ཚོས་མེ་ལྕེ་རེ་རེ་མཚོན་ཞིང་།
དེ་ཡང་འདོད་ཆགས་ལྟ་བུའི་མེ་ལྕེ་ཞིག་ཅིས་ཀྱང་མཚོན་འོས།
སྟོན་པ་ཡ་སྟོན་པ།
ཁྱེད་ཀྱི་བསླབ་བྱ་ཟབ་མོ་དག་གཞི་རུ་བཞག་སྟེ་དཔྱད་ན།
མེ་ལྕེ་འདི་དག་གྲྭ་པ་ཚོའི་སེམས་གཏིང་དུ་འབར་དགོས་པ་ཞིག་ཡིན་མོད།
དུས་ངན་སྙིགས་མ་ལྔ་བདོའི་དུས་འདིར།
མེ་ལྕེ་འདི་དག་གྲྭ་རྐྱང་ཚོའི་གཟན་སྣེ་རུ་འབར་བྱུང་ཨང་།
དག་ཞིང་གང་ཞིག་ཏུ་བཞུགས་མིན་མི་ཤེས་པའི་སྟོན་པ།
གྲྭ་གཟན་མེ་རུ་འབར་བ་མི་གཟིགས་པའི་སྟོན་པ།
ཀྱེ་མ་བདག་གི་སྟོན་པ་ཡ།
ང་དང་ངའི་ཆོས་གྲོགས་ཚོའི་གཟན་སྣེ་རུ་མེ་ལྕེ་རེ་རེ་འབར་བྱུང་ཨང་།

0 བསམ་ཚུལ་འདོན་པ།:

Post a Comment