ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday 8 November 2011
dscn4894
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་ཁྱད་མཚར་བོ་ཞིག་ནི་དགོན་ཆེན་ཞིག་ས་འོག་ཏུ་ནུབ་བསྡད་ཡོད་ཅིང་། དགོན་བདག་བླ་མའི་ཞལ་རས་ལ་སྐྱོ་གཉེར་དགུ་བརྩེགས་ཤིག་བསྡུས་ཏེ་བཞུགས་ཡོད་པ་ དེ་རེད། ཆུ་ཚོད་བདུན་དང་ཕྱེད་ཀར་གཉིད་ལས་སད་པར་ཁྲུས་ཁང་དུ་སོང་ནས་སོ་དང་གདོང་བཀྲུས། སྒེའུ་ཁུང་ལས་གནམ་ངོར་ཆུ་སྤྲིན་ལང་ལོང་ཞིག་འཁྲིགས་བསྡད་ཡོད་པ་མཐོང་ཞིང་། དྲ་ངོས་གསར་འགྱུར་ལས་ཁ་ཆེ་བ་ས་ཡ་ཁ་ཤས་སོ་ཁྲི་ཨ་ར་སྦིས་ཡའི་ཨ་ར་ཧྥ་ཁྲི་ཞེས་ པའི་གནས་རྩ་ཆེན་དེར་ཧ་ཇི་ཞེས་པའི་ལོ་འཁོར་གནས་སྐོར་ལ་ཡོང་ཡོད་རབས་ཤིག་འདུག
ཉིན་གུང་གྲོགས་པོ་འཕྲིན་ ལས་བཟའ་ཟླ་གཉིས་དང་གྲོགས་པོ་གཞན་གསུམ་བཅས་མཉམ་དུ་ཁོ་རི་ཡའི་ཟ་ཁང་དེར་སོང་། ཞབས་ཞུ་མཛེས་མ་དེ་འཛུམ་ཤིག་ཤིག་ངང་ཕར་རྒྱུག་ཚུར་རྒྱུག་བྱེད། ཟ་མ་བཟའ་ཞོར་གྲོགས་པོ་གསུམ་དང་འཕྲིན་ལས་ཀྱིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ ཀྱི་རྩོད་པ་བརྒྱབ་སོང་། དེ་ཡང་གྲོགས་པོ་ཞིག་གིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་འབྲོག་པས་འཚོ་རྟེན་ ལ་འགྱུར་བ་བཏང་ནས་ཚོང་རྒྱག་པ་སོགས་བྱེད་དགོས་པ་དེ་ཐལ་དྲག་འདུག་པས་དེ་ནི་ ནོར་འཁྲུལ་རེད་ཟེར་བས། གཞན་པ་གསུམ་གྱིས་དེ་ནོར་འཁྲུལ་ཞིག་ག་ལ་ཡིན། ང་ཚོས་ལོ་ངོ་སྟོང་ཕྲག་ནས་ནོར་ལུག་ཁོ་ནའི་རྨིག་རྗེས་འཚོས་ཏེ་ཡོང་བ་ཡིན་ཡང་། དེང་སང་གི་དུས་རབས་འདི་ནོར་ལུག་བཤའ་འཚོང་གི་ལས་ཀ་ཙམ་མ་ཡིན་པར་སློབ་གྲྭ་ འགྲིམ་པ་དང་ཚོང་ཁང་ཟ་ཁང་གཉེར་བ། ཞོར་ལས་ལ་འགྲོ་བ་སོགས་འཚོ་ཐབས་འདྲ་མིན་ཡོད་པས་མཁན་པོ་ཚང་གི་བཀའ་སློབ་དེ་ཧ་ ཅང་འགྲིག་གི་ཟེར་བ་སོགས་རྩོད་གླེང་ཅུང་ཛ་དྲག་པོ་ཞིག་བྱས།

ཆུ་ཚོད་བཞི་པ་ཙམ་ལ་རང་ ཉིད་ཀྱིས་དབྱིན་ཡིག་ནས་བསྒྱུར་པའི་བརྩམས་ཆོས་སྣ་ཚོགས་ཤོག་ངོས་བརྒྱར་ལོངས་པ་ ཞིག་ཡོད་པའི་ཁྲོད་ཀྱི་ལོ་ལྔའི་སྔོན་བསྒྱུར་པའི་བརྩམས་སྒྲུང་ཆེས་ཐོག་མའི་དུས་སུ་ཞེས་ པ་དེ་ཀློག་བཞིན་མིག་ནང་མཆི་ཞགས་འཁོར། དེ་ནི་ལོ་ངོ་སྟོང་ཕྲག་སྔོན་གྱི་ཡུལ་འདིའི་གདོད་མིའི་མི་རིགས་ཚོ་ཁག་གཉིས་ ཀྱི་བར་དུ་བྱུང་བའི་གཏམ་རྒྱུད་ཅིག་རེད་ལ། མི་སྣ་གཙོ་བོ་ནི་སྒྲམ་ཞེས་པའི་བུ་ཞིག་དང་ཝ་ཞེས་པའི་བུ་མོ་ཞིག་གི་བརྩེ་དུང་ དང་སྐྱིད་སྡུག་གི་གཏམ་རྒྱུད་ཅིག་རེད། སྒྱུ་རྩལ་གྱི་ནུས་པ་ཞེས་པ་འདིས་སྒྲུང་འདི་བསྒྱུར་མཁན་ང་རང་ཉིད་ཀྱང་སྐྱོ་ གདུང་གི་ནང་དུ་ཚུད་པར་བྱས། ངས་སྒྲུང་འདི་བསྒྱུར་ཚར་རྗེས་གྲོགས་པོ་དབྱིན་ཡིག་མཁས་པ་ཞིག་དང་མཉམ་དུ་ཚར་ གཅིག་བཀླགས་པ་ན་ཚིག་ཕྲེང་གཅིག་མ་གཏོགས་གཞན་དག་ཚང་མ་ཆུ་ལ་ཆུ་བཞག་ཏུ་ཐོན་ འདུག་ཟེར། དེ་ནི་ངའི་དབྱིན་ཡིག་གི་ཆུ་ཚད་ཡག་དྲགས་པས་མིན་པར་ང་རང་ཡང་སྒྲུང་འབྲི་མཁན་ ཞིག་ཡིན་པས་རེད་བསམས།
དེ་ནས་གཉིད་ཐུན་གཅིག་ ལོག་རྗེས་ཡར་ལངས་ཏེ་ཉིན་ཐོ་འདི་ཏོག་ཙམ་བྲིས་ཤིང་། གཟུགས་པོ་ཚར་གཅིག་བཀྲུས་རྗེས་ཆུ་ཚོད་ལྔ་དང་ཕྱེད་ཀ་ཟིན་འདུག་པས། ཟླ་བ་གཅིག་གི་ཡར་སྔོན་དུ་ངོ་ཤེས་པ་ཞིག་གི་བཟའ་ཟླ་ལོ་སོ་དགུ་ཅན་ཞིག་ནད་མནར་ གྱིས་གྲོངས་པ་དེའི་ཆེད་དུ་ས་གནས་བོད་རིགས་ཚོ་མཉམ་འཛོམས་ཀྱིས་སྤྱན་རས་གཟིགས་ ཀྱི་ཆོ་ག་བཟང་སྤྱོད་སྨོན་ལམ། གུ་རུ་རིན་པོ་ཆེའི་ཚོགས་འཁོར་སོགས་གསུངས་སོང་བས་སེམས་ནང་དགའ་བོ་ཞིག་བྱུང་ སོང་ལ། ཡང་ངོ་ཤེས་དེས་མཇུག་ཏུ་མི་མང་གི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུའི་སྐད་ཆ་ཚིག་ འགའ་བཤད་དུས་ངུ་ངག་གི་གདངས་དེ་ཐོས་རྗེས་རང་དབང་མེད་པར་མིག་ཆུའི་འབབ་རྒྱུན་ རིང་པོ་ཞིག་མཁུར་ཚོས་ནས་མར་འགྲིལ་སོང་། དེ་ནི་འདས་མོ་དེའི་ཤུལ་དུ་ཕྲུ་གུ་ཆུང་ཆུང་གཉིས་ཡོད་པས། ད་ནི་དེ་གཉིས་ཀ་མ་མེད་དྭ་ཕྲུག་ཆགས་སོང་བས་ཡིན། ང་རང་ཁོ་གཉིས་ཀྱི་ལོ་ཚོད་ན་ཡོད་དུས་རང་གི་ཨ་མ་དེ་ནི་ཡེ་ཤུ་བའི་བཤད་སྟངས་ བཞིན་བྱས་ན་དཀོན་མཆོག་ཉག་གཅིག་ཡིན་པའི་འདུ་ཤེས་ཡོད་ཅིང་། དེ་དུས་ཀྱི་རང་གི་སེམས་ཚོར་དེ་བྱིས་པ་ཆུང་ཆུང་འདི་གཉིས་ཀྱི་སྟེང་དུ་བསྐོར་ ན་མི་སེམས་ཡོད་ཅིག་ཡིན་ན་སྐྱོ་སྣང་མི་སྐྱེ་བའི་རང་དབང་ཞིག་མི་འདུག
དེ་ཚར་ནས་མི་མང་ཤོད་དུ་ འཛོམས་ཏེ་དགོང་ཟས་ལ་རོལ་བཞིན་པའི་སྐབས་སུ། བླ་མ་ཚང་དང་ཁོང་གི་གསང་ཡུམ་སོགས་ངེད་ཅག་ཁོང་གི་ལས་ཁུངས་ནང་ལྷན་བཞུགས་ཀྱིས་ དགོང་ཟས་ལ་རོལ་བཞིན་བཀའ་མོལ་སྣ་ཚོགས་ལ་རོལ་ཞིང་། དེ་ཡང་འདི་ལོའི་དུས་དབང་སྐབས་ཀྱི་ནོར་བུ་ཚེ་རིང་གི་ལོ་འཁོར་ལས་སྡོམ་བོད་ ཡིག་གི་ཀློག་སྟངས་དེ་ནས་བཀའ་ཁྲི་བློ་སེང་གི་བོད་ཡིག་ཀློག་སྟངས་བར་བརྗོད་ བྱར་གྱུར།
དེ་ནས་ཤོད་དུ་མི་མང་ འཛོམས་སར་ཡོང་དུས། ལོ་ངོ་བཅུ་གསུམ་ཙམ་གྱི་སྔོན་ཁོ་བོས་བལ་ཡུལ་དུ་གསུང་རབ་དཔེ་སྐྲུན་ཞིག་གི་ནང་ དུ་ལས་ཀ་བྱེད་དུས་ལས་རོགས་བུ་མོ་མཚོ་མོ་ཟེར་བ་ཞིག་ཡོད་པ་དེ་འདིར་བསླེབས་ འདུག་པར་སྟེས་དབང་གིས་འཕྲད་ཅིང་། ཕན་ཚུན་མཐོང་མ་ཐག་ཏུ་གཉིས་ཀས་ངོ་ཤེས་སོང་། མོ་རང་མོའི་ཇོ་ཇོ་ཞིག་གིས་ལོ་ངོ་བཅུ་གཅིག་གི་སྔོན་ནས་ནང་མིའི་གྲས་སུ་ཐོ་ འགོད་བྱས་ཡོད་ཀྱང་གཞི་ནས་ཟླ་བ་འདིའི་ནང་དུ་ཨ་རིར་འབྱོར་ཐུབ་ཙམ་བྱུང་འདུག་ ཅིང་། མོས་གཉེན་བསྒྲིགས་ནས་ཕྲུ་གུ་གཉིས་ཡོད་ཅིང་གཅིག་རྡ་སའི་བོད་ཕྲུག་ཁྱིམ་སྡེ་ན་ ཡོད་འདུག་ལ། ཕྲུ་གུ་གཅིག་འདིར་མཉམ་དུ་ཁྲིད་ཡོད་ཟེར།
ནང་ལ་ལོག་དུས་ཁ་བརྡ་དྲ་བ་ ལས་བོད་རིགས་ན་གཞོིན་ཞིག་གིས་ཧྥ་རན་སའི་རྒྱལ་ས་ཕེ་རི་སའི་རྒྱ་ནག་གཞུང་ཚབ་ ཁང་གི་མདུན་སྒོའི་ཀླད་ཀྱི་རྒྱ་ནག་གི་སྐར་ལྔའི་དར་དམར་དེ་མར་ཕབ་པའི་ཤུལ་དུ་ གངས་སེང་དཀར་མོ་ཅན་གྱི་བོད་པའི་དར་ཆ་ཞིག་བསྒྲེངས་ཏེ་དགའ་འབོད་བྱེད་བཞིན་པ་ ཞིག་ལ་བལྟས་ཤིང་། ཡང་བརྙན་འཕྲིན་ལས་ཨི་ཀྲ་ལའི་རྒྱལ་སར་དངུལ་རྩར་ངོ་རྒོལ་བ་ཚོས་ངོ་རྒོལ་ཚབས་ བྱེད་བཞིན་ཡོད་ཅིང་། སྒི་རིག་གི་རྗེས་ནས་ཨི་ཀྲ་ལི་རྒྱལ་ཁབ་དེ་དཔལ་འབྱོར་ཉམས་ཉེས་འབྱུང་ས་དེ་ཡིན་ པར་ཡང་བཤད། ས་གནས་འདིའི་ཡེ་ཤུའི་ལྷ་ཁང་ཞིག་གི་ཕྱི་སྒོའི་འཁྲིས་སུ་ཡོད་པའི་ལོ་ངོ་དགུ་ བཅུ་ལོན་པའི་ཅོང་རྙིང་ཞིག་མདང་དགོང་རྐུན་མ་སེམས་མེད་ཅིག་གིས་བརྐུས་འདུག་ ཅིང་། ཆོས་དཔོན་གྱིས་དཀོན་མཆོག་གིས་ཁོ་ལ་གུ་ཡངས་གནང་གི་རེད་ཟེར་བཞིན་འདུག ཡེ་ཤུའི་དཀོན་མཆོག་དང་ནང་པའི་ཆོས་སྐྱོང་ཚོས་ལྷ་ཁང་གི་རྐུན་མ་འགོག་མི་ཐུབ་པ་ ནི་གནའ་ནས་ད་བར་རྒྱུན་ལྡན་ཞིག་ཡིན་ཞིང་། སེང་གེའི་སྙིང་དང་སྟག་གི་མཆིན་པ་ཟོས་ནས་སྐྲག་རྒྱུ་མེད་པའི་ལྟ་ལོག་པ་འགའ་ རེས་གནས་ཚུལ་འདིའི་ཕྱོགས་སུ་དོགས་སློང་རེ་བྱེད་སྲིད་མོད། ཡེ་ཤུའི་དཀོན་མཆོག་གིས་སྣང་སྲིད་ཧྲིལ་བོ་བཞེངས་སྐྲུན་བྱེད་ཐུབ་ས་དང་། ནང་པའི་ཆོས་སྐྱོང་ཚོས་སྲིད་པ་གསུམ་ལ་དབང་སྒྱུར་བྱེད་ནུས་ས་ནས་རྐུན་མ་ལས་ངན་ ཞིག་ད་འཛིན་མི་ཐུབ་ཟེར་ན་སུའི་རྣ་བར་འགྲོ་གི་རེད།

0 བསམ་ཚུལ་འདོན་པ།:

Post a Comment