ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday, 8 March 2011
                           བླ་མ་ཙོང་ཁ་བར་མཇལ་བ།        
ནགས་ལྗོངས་མེ་ཏོག་འཕྱུར་བའི་ཙོང་ཁའི་རི་སུལ། །
དྭངས་གཙང་བྱིས་པ་ཞིག་གི་ཕ་ཁྱིམ་ཡིན་སྐད། །
ངྷི་ཡིག་དབྱངས་སུ་གྱེར་བའི་ཞོགས་པ་སྔ་མོ། །
མི་ལོ་དྲུག་བརྒྱའི་གོང་གི་དེ་རིང་ཡིན་འདྲ། །
གྲོང་སྡེ་ཐར་ཐོར་ཡིན་པའི་ལྷིང་འཇགས་ཁྲོད་ཀྱི། །
བག་འཇམ་བྱིས་པ་ཡུམ་གྱི་པང་ན་འཛུམ་འདུག །
རིག་པའི་དཔའ་བོ་ཞིག་གི་ཧམ་པ་བརྩེགས་མས། །
ཤ་རྫོང་དབེན་པའི་ནགས་ལ་བསུས་པར་ཐོས་སོ། །
སྨུག་སྤྲིན་སྲབ་མོས་དཀྲིས་པའི་ཙོང་ཁའི་སྐྱེས་རི། །
གློ་བུར་དགོང་ལ་ཟུག་པའི་རྣམ་པར་འགྱིང་ཞིང་། །
ལྗོངས་འདིའི་སྣོད་དང་བཅུད་ཀྱི་ཚེ་དང་སྲོག་ལ། །
ལང་ཚོའི་མཛེས་སྡུག་སྣུམ་པོའི་དབུ་ཁྱུད་བྲིས་ཡོད། །

ཡི་གར་འོང་བའི་ལྷ་ཕྲུག་ཞིང་འདིར་བབས་འདྲའི། །
བག་ཕེབས་བྱིས་པའི་སྐྲ་ལོ་སིལ་བུར་འཁྱིལ་བ། །
བླ་ཆེན་ཞིག་གིས་བྱམས་བརྩེ་བཞར་གྲི་འཇམ་པོས། །
དུམ་བུར་བཅད་པའི་མགོ་རིལ་བཙུན་པ་ཆུང་ཆུང་། །
ཡི་དམ་ཆོས་སྲུང་འཛུམ་པའི་བྱིན་ཆར་ཁྲོད་ནས། །
བླ་མའི་ཞི་དྲག་བརྩེ་བའི་དཀར་ནག་འཚོལ་ཞོར། །
ཙོང་ཁའི་བུ་ཆུང་སྣང་བ་སྐྱིད་མདོག་ཅན་པོ། །
དབེན་པའི་རི་ཁྲོད་དེ་རུ་ཉམས་རྟོགས་རྒྱས་ཟེར། །
གནས་མཆོག་བྱ་ཁྱུང་བྲག་རི་སྨིག་པོའི་མགུལ་དུ། །
བདེ་སྟོང་རིམ་གཉིས་རྣལ་འབྱོར་ཐུགས་སུ་ཚུད་དེ།།
སྔགས་དང་ཕར་ཕྱིན་ཐེག་པའི་བློ་གྲོས་བཟང་བོ། །
འགྲན་བྲལ་གྲགས་དཀར་སྲིད་པའི་རྩེ་ལ་བཀལ་ཡོད།།
གློ་བུར་རྣམ་དཔྱོད་རིག་པའི་གོམ་པ་དང་བོ། །
དབུས་འགྱུར་ཆོས་ཀྱི་ཞིང་དུ་བསྒྱུར་ལ་ཁད་དེའི། །
གཏམ་རྒྱུད་བཀྲ་ཤིས་ལ་དང་རི་ཤོད་ཀུན་ཏུ། །
གནའ་དེང་སྐྱེ་དགུའི་ངག་ན་ཆུ་བོ་བཞུར་བཞུར། །
དབུས་གཙང་རི་སུལ་མེད་པར་ཞབས་ཐང་རྐྱང་གིས།།
ཐོས་དོན་རྩལ་དུ་འདོན་སླད་གཞུང་ཆེན་དུ་མར། །
མཁས་དང་གྲུབ་པ་དག་གི་བྱིན་ཆེན་འོག་ནས། །
གོ་རིག་ཟུང་དུ་སྦྲེལ་ཏེ་བློ་གཤོག་བརྐྱངས་ཡོད། །
བཀའ་པོད་གཞུང་གི་གྲྭ་སྐོར་མཚན་སྙན་ཅན་པོ། །
གཞོན་པའི་སྙིང་སྟོབས་ཤིག་གི་རྩེ་ལ་མཆོད་པས། །
དབུས་གཙང་ཞིང་གི་དོན་ལྡན་ཆེ་བསྟོད་ཀློང་ན །
ཨ་མདོའི་སྣ་བོ་ཆེ་དེས་ཡུལ་ཁྱིམ་བརྗེད་འདུག །
བགྲང་བྱ་བཅུ་ཕྲག་ལྷག་གི་རེ་སྒུག་ལྗིད་པོས། །
ལུས་སེམས་མནར་བའི་བྱམས་ལྡན་ཨ་མ་ཞིག་གིས།།
སྐྲ་དཀར་དབུས་ལ་སྤུར་བའི་རྣམ་ཐར་མཇལ་ན། །
ཚུར་མཐོང་སྐྱེ་བོར་མིག་ཆུའི་ཟིལ་བ་འཐོར་ཡོང་། །
ཟབ་གསལ་རིག་པ་རྣོ་བའི་ཨ་མདོའི་ཕོ་སར། །
བརྒལ་བརྟག་དཔུང་བ་ངོམ་ལ་གྲིམ་ཤ་རྒྱས་ཡོད། །
དབུས་ལྗོངས་ཆོས་ཀྱི་ཞིང་གི་ཕ་མཐའ་མེད་པར། །
ཁྱེད་ཀྱི་སྙིང་སྟོབས་གངས་རིས་མུ་ཁྱུད་བྲེས་ཡོད། །
ང་རྒྱལ་གདོན་གྱིས་མ་བཟུང་ཞི་དུལ་བག་ཕེབས། །
འདོད་སྲེད་ཞགས་པས་མ་བཅིངས་བློ་ཁོག་ཡངས་པོ། །
ཕྲག་དོག་མེ་ཡིས་མ་བསྲེགས་འཛུམ་མདངས་ཤིག་གེར། །
བདག་འཛིན་དྲ་བར་མ་ཚུད་བོད་ཀྱི་དགྲ་བཅོམ། །
རྣམ་དཀར་ལེགས་བྱས་གསེར་གྱི་ཅོང་ཆེན་རྡུང་བཞིན།།
སྐྱིད་གཞུང་ལྷ་སར་ཆོས་ཀྱི་སྒྲོན་མེ་སྦར་ཞིང་། །
བར་སྐོར་གླིང་དུ་དར་ཆེན་བཅུ་གསུམ་བསྒྲེངས་ཏེ། །
སྣ་བོ་ཆེ་དེས་བསྟན་སྲིད་མངའ་ཐང་བསྲུངས་ཡོད། །
དབེན་གསུམ་སྙིང་བོར་འཕོས་པའི་འབྲོག་རི་ཆེན་པོར། །
མདོ་སྔགས་ཟུང་འཇུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་། །
གངས་ལྗོངས་མཁས་གྲུབ་བྱེ་བའི་བསྟི་གནས་དམ་པ། །
རྣམ་འདྲེན་ཐུབ་དབང་བསྟན་པའི་རྒྱན་དུ་བཞེངས་ཡོད། །
དབུ་ཚད་ཟུང་དུ་འབྲེལ་བའི་ལྟ་གྲུབ་དཔང་མཐོ། །
འཕགས་བོད་མཁས་གྲུབ་དམ་པའི་ཕྱག་བཞེས་རྨ་མེད། །
ཚད་ཐུབ་ཤེས་རབ་མཆོག་གིས་ཞུན་ཐར་ཆོད་པ། །
གངས་ཅན་འཁྲུལ་བྲལ་དབུ་མའི་སྟོན་པ་མཆོག་ཡིན། །
རིས་མེད་མཁས་རྒུས་བསྔགས་བརྗོད་སྟོང་གིས་བསུས་པའི། །
ཚད་མའི་སྟོན་མཆོག་འཇམ་དཔལ་སྙིང་བོའི་སྲོལ་བཟང་། །
ཞྭ་སེར་བསྟན་པའི་དཔལ་ཞེས་རིང་ལུགས་རྩོལ་མེད། །
འཛམ་གླིང་བློ་ལྡན་བྱེ་བའི་འཇུག་ངོགས་བསྐྲུན་འདུག །
གཙང་ཆེན་ཧུབ་ཀྱིས་རྔུབ་པའི་གྲུབ་རྟགས་མེད་ལ། །
དཔལ་འབྱོར་ཐབས་ཀྱིས་སྡུད་པའི་ཕྱགས་མ་བྲལ་བའི། །
མདོ་ཁམས་ཙོང་ཁའི་ལྗོངས་ཀྱི་དབུ་ཞྭ་སེར་བོ། །
ཐུབ་དབང་བསྟན་པའི་གཙུག་ན་འོད་ཀྱིས་འཚེར་ཡོད། །
འཕགས་ཡུལ་ཆོས་ཀྱི་ཞིང་གི་བྱིན་གྱིས་མ་ཁུགས། །
རྒྱ་ནག་དཔལ་དང་འབྱོར་བའི་ཟིལ་གྱིས་མ་ཁུགས། །
དྲིན་ལྡན་ཕ་མའི་བརྩེ་འཕྲིན་བརླན་གྱིས་མ་ཁུགས། །
ཤར་ཕྱོགས་ཙོང་ཁའི་བུ་ཁྱེད་སུས་ཀྱང་མ་ཁུགས། །
ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ་བ། །
ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན་ཞིང་།།
མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར་བའི། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་པར་གྱུར་ཅིག །
བླ་མ་མཆོག་ཁྱེད་དྲན་པའི་མགུར་དབྱངས་སྐྱོ་བོ། །
ཙོང་རི་མཁའ་ལ་འཕགས་པའི་ཉེ་འདབས་ཤིག་ཏུ།།
མགྲིན་པའི་གདངས་སུ་གྱེར་ཏེ་བྱིན་ཆེན་མེ་ཏོག །
ཕངས་མེད་སྩོལ་བའི་རེ་དད་དགོང་ལ་བརྩེགས་ཡོད།།
ཅེས་ པ་འདི་ཡང་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཉིན་ཤས་རིང་བསྡད་པའི་རྐྱེན་བྱས་ཏེ་ སྒང་བ་བོད་ཀྱི་མྱི་ཆེན་ནམ་འབྲོང་སྤྲུལ་འཆི་མེད་རིག་འཛིན་རྡོ་རྗེ་ཞེས་བྱ་ བའི་རྟོག་གེ་བ་མགོ་མཁྲེགས་དེས་སྦྱར་བ་དགེའོ། །

2 comments: