ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday, 11 April 2011


རང་སེམས་རང་གིས་མི་གསོ་སུ་ཡིས་གསོ། །རང་མགོ་རང་གིས་མི་འགྱོགས་སུ་ཡིས་འགྱོགས། །
་་་ཁ་བྱང་གི་འགྲེལ།
ཉིན་འགའི་སྔོན་ཁོ་བོས་ངས་བྲིས་བྲིས་ཚང་མ་སྙན་ངག་ཡིན་ཞེས་པའི་བསམ་ཚུལ་ཞིག་སྤེལ་བར་དྲ་གྲོགས་འགའ་རེས་དྲང་ལྡོག་ཅི་རིགས་ནས་བསམ་ཚུལ་སྤེལ་སོང་བ་དང་ལ་ལས་ང་རྒྱལ་ཆེ་རབས་ཤིག་ཀྱང་བརྗོད་སོང་བས། འདིར་ཡང་སྐྱར་རང་གི་བསམ་ཚུལ་ཞིག་ཁ་སྣོན་དུ་མ་བྲིས་རང་བྲིས་ཆགས་སོང་། སྤྱིར་ན་སྙན་ངག་རིག་པ་འདི་ནི་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་གཏོགས་ཤིང་། སྒྱུ་རྩལ་ཞེས་པ་དེ་ནི་མཐའ་དང་དབུས་ཞེས་ངོས་བཟུང་མེད་ཅིང་། འདི་དང་དེ་ཞེས་ཐག་གཅོད་དཀའ་བའི་མཁའ་ཁྱབ་ཀྱི་རིག་གཞུང་ཞིག་ཡིན་པས། སྤྱི་ལྡོག་ནས་བལྟས་ན་དེའི་ཁོངས་སུ་སྣང་སྲིད་ཀྱི་ཆོས་ཡོད་དོ་ཅོག་ཚུད་བསྡད་འདུག་པས། སྣང་སྲིད་ཀྱི་ཆོས་བྱེ་བྲག་པ་ཞིག་སྙན་ངག་ཡིན་དང་མིན་པའི་ས་མཚམས་འབྱེད་རྒྱུ་དེ་ནི་ངོ་མ་ལས་སླ་བོ་ཞིག་གཏན་ནས་མ་རེད།
དེ་བས་ཐོག་མར་སྒྱུ་རྩལ་ཞེས་པའི་རིག་གཞུང་དེའི་ཁོངས་སུ་མ་འདུས་པའི་ཆོས་བྱེ་བྲག་པ་ཞིག་མེད་པའི་གཏན་ཚིགས་གལ་ཆེན་དེ་ངོ་སྤྲོད་མ་བྱས་རང་བྱས་ཡིན་པ་དང་། སྒྱུ་རྩལ་ཞེས་པ་དེ་ནི་མིའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་མཛེས་དཔྱོད་ཀྱི་བསམ་བློས་ཇུས་འགོད་བྱས་པའི་གཟུགས་དང་གཟུགས་འདས་ཀྱི་དངོས་པོ་དག་ཡིན་ཞིང་། དེ་ནི་རང་བྱུང་གི་རི་ཆུ་དང་འདྲ་བར་སྐྱེས་ཙམ་ཉིད་ནས་མཛེས་སྡུག་གི་ངོ་བོར་གྲུབ་ཡོད་པ་ཞིག་ཏུ་སྣང་ཞིང་། མི་ལ་རས་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་རས་ཆུང་བར། ཁྱོད་དད་པའི་མིག་གིས་ལྟ་ཤེས་ན། །ཞེས་གསུངས་པ་ཇི་བཞིན། སྒྱུ་རྩལ་གྱི་ཐོན་དངོས་དག་ལ་ཡང་མི་སྒེར་སོ་སོའི་ངོས་ནས་མྱོང་རོལ་བྱེད་ཐུབ་དང་མི་ཐུབ་ཀྱི་ས་མཚམས་ཤིག་ཡོད་པ་ལས། བྱ་དངོས་ཤིག་སྒྱུ་རྩལ་གྱི་ཐོན་དངོས་ཡིན་དང་མིན་གྱི་ཁྱད་པར་འབྱེད་ཆོས་ཤིག་ནམ་ཡང་མི་རྙེད་པར་འདོད།
དཔེར་ན་ནང་བའི་དད་ལྡན་པ་ཞིག་གིས་སྟོན་པའི་སྐུ་འདྲ་ཞིག་ལ་བལྟས་ཚེ་རང་དབང་མེད་པར་དད་གདུང་སྤྲོ་གསུམ་འཕེལ་ཡོང་བ་ཆོས་ཉིད་ཡིན་ན་ཡང་། ཁོ་ཚོས་སྟོན་པ་ཡེ་ཤུའི་འདྲ་བརྙན་ཞིག་མཐོང་ན་དགའ་སྡུག་གང་ཡང་མ་ཡིན་པའི་བར་མའི་ཚོར་བ་ཙམ་ཞིག་ལས་ཕལ་ཆེར་མི་སྐྱེ་བ་དང་། ཆགས་ལྡན་ཞིག་གིས་མཛེས་མ་ཞིག་མཐོང་ན་སྡོད་མི་ཚུགས་པའི་འདོད་ཆགས་འཕེལ་ཡོང་ན་ཡང་། འདོད་པའི་ཉེས་དམིགས་སྒོམ་པའི་ཉམས་རྟོགས་ཀྱིས་སེམས་ཁམས་ཟིལ་གྱིས་མནན་ཟིན་པའི་དགྲ་བཅོམ་པ་ཞིག་གིས་མཛེས་མ་དེ་མི་སྡུག་ཤ་ཁྲག་གི་རྐྱལ་བ་ཞིག་ལས་ཅི་ཡང་མི་མཐོང་བ་ལྟ་བུ་ཡིན་པས། སྒྱུ་རྩལ་དེའི་མཛེས་སྡུག་ལ་ལོངས་སུ་སྤྱོད་ཐུབ་དང་མི་ཐུབ་ནི་སྒྱུ་རྩལ་རང་ངོས་ན་མེད་པར་དེ་སྤྱོད་ཡུལ་དུ་གྱུར་པའི་གང་ཟག་དག་གི་ཤེས་རབ་ལ་རག་ལས་པ་ཞིག་རེད་འདོད།
དེ་བཞིན་འཛམ་གླིང་ཧྲིལ་བོ་འདི་སྙན་གྲགས་ཀྱིས་ཆེ་ཆེར་བསྒུལ་བའི་ཡོ་རོབ་ཀྱི་རི་མོ་བ་གྲགས་ཅན་པིས་ཁ་སོའི་ཨ་སྒོར་ས་ཡ་བརྒྱ་ཕྲག་བརྒལ་བའི་རི་མོ་དག་ཀྱང་བོད་ཡུལ་གྱི་འབྲོག་ཕྱོགས་ཤིག་ཏུ་ཁྱེར་ཡོང་བ་ཡིན་ན་གད་སྙིགས་ཤོག་སྙིགས་ཀྱི་རིན་ཐང་ཙམ་ལས་ཉོ་མཁན་དང་ལྟ་མཁན་ཅི་ཙམ་ཞིག་ཡོད་ང་ཚོས་ཤེས་གསལ་ཡིན་པ་དང་།  དེང་རབས་སྒྱུ་རྩལ་པ་སྐོར་ཞིག་གིས་བསམ་བཞིན་དུ་གད་སྙིགས་སྣ་ཚོགས་བསྒྲུགས་ཏེ་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་དངོས་པོ་སྣ་ཚོགས་བཟོ་བཀོད་བྱེད་པ་དང་། ནུབ་གླིང་གི་སྐད་གྲགས་ཅན་གྱི་སྒྱུ་རྩལ་འགྲེམ་སྟོན་ཁང་ནང་དུ་བཤམས་པའི་ཤིང་དུམ་དང་ལྕགས་སྐུད་རྙོག་འཛིང་ཅན། ར་མགོ་ལུག་སྦྱར་གྱི་ཅ་ལག་སྣ་ཚོགས་ཀྱིས་ཀྱང་ང་ཚོ་ནུབ་གླིང་གི་སྒྱུ་རྩལ་མྱོང་རོལ་ཐད་བག་ཆགས་གང་ཡང་མེད་མཁན་ཚོའི་ངོར་སྨྱོན་པའི་རྩེད་མོ་འབའ་ཞིག་ལས་ཅི་ཞིག་སྣང་ཐུབ་ཨང་།
གོང་གི་དཔེར་བརྗོད་འདི་དག་གིས་ང་ཚོར་བརྡ་རྟགས་ཤིག་ངོ་སྤྲོད་བྱས་པ་ནི། སྙན་ངག་ཅེས་པ་དེ་ཡང་སྒྱུ་རྩལ་གྱི་སྒྱུ་མའི་ལྟད་མོ་འབྱམས་སུ་ཀླས་པ་ཞིག་ཡིན་པས། དེའི་བསླུ་བྲིད་ཀྱི་དབང་དུ་འགྲོ་བར་བྱེད་པ་ལ་རང་ཉིད་ཀྱི་ངོས་ནས་ཀྱང་གསང་སྔགས་ཀྱི་ཆོས་ཉམས་སུ་ལེན་པ་ལ་ཐུན་མོང་ལམ་སྦྱངས་སྔོན་དུ་འགྲོ་དགོས་པ་ཅི་བཞིན་སྒྱུ་རྩལ་གྱི་མཛེས་སྡུག་ཉམས་སུ་མྱོང་བར་བྱེད་པའི་ཚོར་བ་རྣོན་པོ་སྐོར་ཞིག་གྲ་སྒྲིག་བྱེད་དགོས་པ་དེ་བསྟན་ཡོད་ཅིང་། གལ་སྲིད་ཁྱེད་དམ་ངའི་ངོས་ནས་སྙན་ངག་གི་རྣམ་པའི་སྒྱུ་རྩལ་ཐོན་དངོས་ཤིག་བསྐྲུན་པ་ཡིན་ན། གཞན་གྱིས་སྙན་ངག་གམ་སྒྱུ་རྩལ་གྱི་ཐོན་རྫས་ཤིག་ཡིན་པར་ཁས་བླངས་རུང་མ་བླངས་རུང་དེ་ནམ་ཡང་སྙན་ངག་གམ་སྒྱུ་རྩལ་གྱི་ཐོན་དངོས་ཤིག་ལས་གཞན་དུ་འདའ་ས་མེད་པའི་གནས་ལུགས་ཟབ་མོ་དེ་ང་ཚོས་ད་གཟོད་རྟོགས་ཐུབ་ཨང་།
སྒྱུ་རྩལ་པ་ཚོས་འཇིག་རྟེན་འདིར་སྒྱུ་རྩལ་གྱི་ཐོན་དངོས་མིན་པའི་དངོས་པོ་ཅི་ཡང་མེད་ཅེས་བསྒྲགས་དང་སྒྲོག་བཞིན་པ་དེ་ཡིས། ང་ཚོ་སྙན་ངག་འབྲི་མཁན་ཚོས་ཀྱང་སྐད་གསེང་མཐོན་པོའི་སྒོ་ནས་འཇིག་རྟེན་འདིར་སྙན་ངག་མིན་པའི་བྱ་དངོས་ཅི་ཡང་མེད་ཅེས་རང་ཉིད་ཀྱི་བསྒྲགས་གཏམ་མམ་གྲུབ་མཐའི་སྡོམ་ཚིག་དེ་གྱེར་ཆོག་ཆོག་ཡིན་པ་དང་། ང་ཚོར་རང་ཉིད་སྒྱུ་རྩལ་པ་དང་སྙན་ངག་པ་ཡིན་ནམ་མིན་སྙམ་པའི་དོགས་པ་དེ་ཡང་ཐལ་བར་བསྲེག་ཆོག་པའི་ཡིད་ཆེས་དང་གདེང་ཚོད་དགོས་ལ། རང་རེའི་མཁས་པ་ས་སྐྱ་པཎ་ཆེན་གྱིས་ཀྱང་། སྙན་ངག་མཁན་ལ་ཅི་ཡང་རྒྱན། །འདོད་པ་ཅན་ལ་ཅི་ཡང་ནོར། །ལྟོགས་འདོད་ཅན་ལ་ཅི་ཡང་ཟས། །ཞེས་གསུངས་པ་འདིས། རང་ཅག་གི་གུ་དོག་པའི་བློ་མིག་འདི་ཡངས་པོར་ཕྱེ་ཐུབ་པར་ངས་ཡིད་ཆེས་བྱེད་བཞིན་ཡོད་དོ།།

 



2 comments:

  1. ཁ་སེང་དེ་རིང་བྲིས་བྲིས་ཚང་མ་སྙན་ངག་ཡིན་མིན་མི་ཤེས་གི་ར། བལྟས་ན་ལྟ་རྒྱུ་ཡོད་པ་དང་། བཀླགས་ན་གོ་རྒྱུ་ཡོད་པ་རྐྱང་བྲིས་འདུག
    མཇུག་གི་ས་པན་གྱི་གསུང་ཚིག་ལས་(ལྟོ་འདོད་)ཟེར་བ་སོགས་དེ་ངའི་སེམས་ན་(ལྟོ་འདུན་ཅན་ལ་ཅི་ཡང་ཟས།།)ཟེར་བ་ཞིག་བཤགས་བསྡད་འདུག
    གཞན་རྩོམ་ཡིག་མཚམས་མ་ཆད་པར་འདི་ལྟར་བྲིས་དང་འབྲི་བཞིན་པར་ངོ་མས་དགའ་ནས་ཡོད། སྐུ་གཟུགས་ལ་བདག་སྐྱོང་དང་རྩོམ་ཡིག་རྒྱུན་སྐྱོང་གནང་རོགས་ཞེས་གསོལ་བ་སྙིང་ནས་འདེབས་སོ།།

    ReplyDelete
  2. ཁ་སེང་དེ་རིང་བྲིས་བྲིས་ཚང་མ་སྙན་ངག་ཡིན་མིན་མི་ཤེས་གི་ར། བལྟས་ན་ལྟ་རྒྱུ་ཡོད་པ་དང་། བཀླགས་ན་གོ་རྒྱུ་ཡོད་པ་རྐྱང་བྲིས་འདུག
    མཇུག་གི་ས་པན་གྱི་གསུང་ཚིག་ལས་(ལྟོགས་འདོད་)ཟེར་བ་སོགས་དེ་ངའི་སེམས་ན་(ལྟོ་འདུན་ཅན་ལ་ཅི་ཡང་ཟས།།)ཟེར་བ་ཞིག་བཤགས་བསྡད་འདུག
    གཞན་རྩོམ་ཡིག་མཚམས་མ་ཆད་པར་འདི་ལྟར་བྲིས་དང་འབྲི་བཞིན་པར་ངོ་མས་དགའ་ནས་ཡོད། སྐུ་གཟུགས་ལ་བདག་སྐྱོང་དང་རྩོམ་ཡིག་རྒྱུན་སྐྱོང་གནང་རོགས་ཞེས་གསོལ་བ་སྙིང་ནས་འདེབས་སོ།།

    ReplyDelete