ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Sunday, 29 May 2011

སྲིད་ཞིའི་མཛེས་སྡུག་དྭངས་མའི་སྲོག་གི་མཁར། །
གངས་ཅན་རི་བོའི་འདབས་སུ་བཞེངས་པའི་གྲོགས། །
དབྱངས་ཅན་དགའ་མ་མདང་གི་རྨི་ལམ་ནང་། །
མཇལ་བའི་གཏམ་དེ་སྙིང་སྡུག་ཁྱེད་ལ་སྦྲོན། །
ཟ་ཟིའི་རིག་པ་ལུ་གུ་རྒྱུད་ཀྱི་ཀློང་། །
བག་ཆགས་འོ་མའི་མཚོ་ཆེན་འཕྱུར་བའི་རླབས། །
སྲིད་པའི་ལྷ་ཆེན་གང་གི་ཁང་བཟང་རྩེར། །
གསེར་འོད་འབར་བའི་ཏོག་གི་རྗེས་སུ་བསྙེགས། །
འཇའ་འོད་མེ་ཏོག་གདན་དུ་བཏིངས་པའི་གཞིར། །
རབ་དཀར་ཟླ་བ་གཞོན་ནུའི་མལ་སྟན་སྟེང་། །
ལང་ཚོའི་མཛེས་སྡུག་ལྷོད་ཀྱིས་འཁྱིལ་བ་སྟེ། །
འདི་ཀོ་འཕགས་མ་ཁྱེད་ཀྱི་སྐུ་ལུས་སོ། །
རྒྱ་བོད་སྙན་ངག་མཁན་པོ་འབུམ་ཕྲག་གི། །
གདུང་ཡུས་འོ་དོད་གླེགས་བམ་ལོངས་པའི་ཁྲིར། །
ཞབས་སེན་སྐྱ་རེངས་དམར་པོའི་གཟི་བརྗིད་ཀྱིས། །
འགྱིངས་འདི་འཕགས་མ་ཁྱེད་ཀྱི་ལང་ཚོ་ཉིད། །
དགའ་སྐྱོ་ཆགས་སྡང་ཞེས་བྱ་སྲིད་པའི་མཚོ། །
དྲག་ཏུ་འཁྲུག་པའི་ཀློང་ན་སྙན་འཇེབས་ཀྱི། །
དབྱངས་བདུན་རོལ་མོའི་རོ་ལ་ལོངས་སྤྱོད་པ། །
འཕགས་མ་ཁྱེད་ཀྱི་འཕྲིན་ལས་མ་ལགས་སམ། །
རྒྱུད་སྟོང་བཻཌྰུར་དཀར་པོའི་པི་ཝང་ལས། །
ཐུགས་ཀྱི་སྐྱོ་གདུང་མཆེད་པའི་མུ་ཁྱུད་རེར། །
རྒྱལ་ཀུན་གསང་བའི་མཛོད་ཀྱི་སྙན་ངག་འབུམ། །
དྲག་ཏུ་ལུད་དམ་འཕགས་མ་སྙིང་རྗེའི་གཏེར། །
ད་ཀོ་རིང་ནས་སྙིང་ལ་བརྣགས་པའི་དོན། །
རིག་བྱེད་རྦ་རླབས་འཕྱུར་བའི་ཟེགས་མ་དང་། །
ཡོངས་འགྲོགས་འོད་ལྔ་འབར་བའི་གུར་ཁང་དབུས། །
འཕགས་མ་ཁྱོད་ཞལ་མཇལ་འདི་སྐལ་བ་སྦོམ། །
མཛེས་སྡུག་ལང་ཚོའི་མཆོད་སྡོང་ལས་འོངས་པའི། །
སྙན་ཚིག་རིག་པ་ལྷ་ཡི་རོལ་མོའི་ཀློང་། །
ཇི་ལྟ་ཇི་སྙེད་ཤེས་བྱའི་དབྱངས་བདུན་གླུ། །
འགག་མེད་འཕགས་མ་ཁྱེད་དང་འབྲལ་མེད་ཤོག །
འཕགས་མ་ཁྱེད་ཀྱི་དཀར་མཛེས་མྱོས་བུམ་ཟུང་། །
བདག་གི་བྲང་གཞུང་དྲོན་མོའི་ངོས་གླན་ཏེ། །
བཅུ་དྲུག་དགའ་བའི་ཉི་ཟླ་ཁ་སྦྱོར་ཞིང་། །
བདེ་སྟོང་རོ་ལ་སྤྱོད་པའི་དུས་དེ་ནམ། །
མཛེས་སྡུག་རྒྱ་སེ་མེ་ཏོག་འབུམ་ཕྲག་གི །
ཚོན་གྱིས་མ་བསྒོས་དམར་སྣུམ་མཆུ་སྒྲོས་དེ། །
བུས་པ་གཞོན་ནུས་མ་ཡི་མྱོས་བུམ་བཞིན། །
བདག་གིས་འཇིབ་པའི་སྐལ་བཟང་ད་སྩོལ་ཅིག །
འཇམ་དཔལ་དཔའ་བོ་གཅིག་བུ་མ་གཏོགས་པའི། །
སུ་དང་གང་ལ་མ་འཁྱུད་དཀར་ཟླུམ་གྱི། །
བརླ་ཡི་འཁྲི་ཤིང་དབུས་ན་དྲོད་འབར་བའི། །
བདེ་ཆེན་བྷ་གའི་རེག་བྱ་བདག་ལ་གནོངས། །
གནག་སྣུམ་སྐྲ་ལོ་སྐྱོད་པའི་དྲི་བཞོན་གྱིས། །
བདག་གི་སྒྱུ་ལུས་འཁྲི་ཤིང་འཁྱུད་པའི་མོད། །
གཟུང་འཛིན་མུན་རྡུལ་ནམ་མཁའི་མཐར་བསྐྲད་དེ། །
ཁ་སྦྱོར་ཡན་ལག་བདུན་གྱི་སྐུ་འགྲུབ་ཤོག །
འཕགས་མ་ཁྱེད་ཀྱི་གསང་གསུམ་ཉི་འོད་ཀྱིས། །
མ་དག་སྒྱུ་ལུས་གངས་རི་ལེགས་བཞུས་ཤིང་། །
ཟུང་འཇུག་ལྷ་ཡི་ཆུ་བོའི་རྦ་རླབས་ཀྱིས། །
སྙན་འཇེབས་དབྱངས་ཀྱི་གཟེགས་མ་འབུམ་འགྱེད་ཤོག །

1 comment:

  1. བཙུན་གྲོགས་ཚོ
    ཆགས་སྡང་གི་བཟི་བའི་དུས་རབས་གསར་པའི་གྲོང་འཁྱེར་འདི་ནས
    ངེས་མེད་ཀྱི་ཚེ་འདིའི་འདོད་བརྩེ་ལ་ངེས་དོན་གྱི་
    རྫོགས་ཚིག་བྲིས་ཏེ
    སེམས་པའི་གསང་ལམ་འཚོལ་བའི་བསམ་བསྟན་པ་བྱེད་འདོད་བརྩེགས་ཀྱིན་རེ་སྙེགས་དང་དམ་བཅའ་གཏོར་བའི་
    ཡིད་འོང་གི་སྒེགས་ཉམས་རེ་རེར་ཆགས་ཞེན་གྱི་ཕྱི་མིག་གི་ཟློས་གར་སྤངས་ཏེ་
    ངེས་འབྱུང་གི་བློ་རྣམ་དག་ཅིག་སྒྲུབ་དང་དེ་བས་བཟང་བ་ཅི་ཞིག་ཡོད།

    ReplyDelete