ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday 11 October 2011
eyes-on-fire
----གཅིག་རྗེས་གཉིས་མཐུད་དུ་འབར་བའི་མེ་ལྕེ་མང་པོ་ཞིག་ལ་རྗེས་དྲན་དུ་ཕུལ།

མེ་ལྕེ་དམར་ལྷེམ་ལྷེམ།
གྲྭ་ཆས་དམར་ལྷེམ་ལྷེམ།
མི་སེམས་དམར་ལྷེམ་ལྷེམ།
དམར་ལྷེམ་ལྷེམ་གྱི་མེ་ལྕེ་མང་པོ་གཞི་གཅིག་ཏུ་འདྲེས་དུས།
གངས་རིའི་ངོས་སུ་ཡང་དེའི་གཟི་འོད་ཅིག་ལྡོག་འཕྲོས་བྱེད་བཞིན་ཡོད།
པོ་ཏ་ལའི་རྡོ་ཐེམ་རེ་རེ་ཡང་ཚ་དྲོད་རྒྱས་ནས་གོམ་པ་སྤོ་ཐབས་བྲལ།
བར་སྣང་ནས་ཁ་བ་ཡང་མེ་ལྕེའི་དབྱིབས་སུ་གྱུར་ནས་དྲག་ཏུ་འབབ།
མེ་ལྕེ་ཡིས་མི་ལུས་བསྲེགས་སོང་།
མེ་ལྕེ་ཡིས་མི་སེམས་བརླན་སོང་།
མེ་ལྕེ་ཡིས་ལོ་རྒྱུས་བྲིས་སོང་།
མེ་ལྕེ་ཡིས་འཛམ་གླིང་འཁྱུད་སོང་།
མེ་ལྕེ་གཅིག མེ་ལྕེ་གཉིས། མེ་ལྕེ་གསུམ། ་་་ ་་་
མེ་ལྕེ་ཡིས་མུན་པ་སེལ་བ་དོན་དངོས་རེད།
མེ་ལྕེ་ཡིས་གནས་ལུགས་སྟོན་པ་བདེན་དོན་རེད།
མེ་ལྕེ་ཡིས་སྤོབས་པ་མཚོན་པ་མངོན་སུམ་རེད།
མི་ལུས་མཆོད་སྦྱིན་དུ་བྱས་པའི་མེ་ལྕེ།
མི་རིགས་མུན་ནག་ལས་སྐྱོབ་པའི་མེ་ལྕེ།
མི་སེམས་དབང་མེད་དུ་སྒུལ་བའི་མེ་ལྕེ།
ཆོས་ལུགས་ཀྱི་རྒྱབ་ལྗོངས་མཐུག་པའི་མེ་ལྕེ།
སྲིད་དོན་གྱི་དཀའ་རྙོག་མཚོན་པའི་མེ་ལྕེ།
མིའི་རིགས་ཀྱི་མཐའ་མཇུག་གི་རེ་འདུན་སྟོན་པའི་མེ་ལྕེ།
ཚེ་སྲོག་གི་དམར་མཆོད་འབུལ་བའི་མེ་ལྕེ།
འབར་མཚམས་མི་འཇོག་པའི་མེ་ལྕེ་འདི་དག་གིས།
མི་རིགས་ཀྱི་ཆེས་འགག་རྩར་ཐུག་པའི་ཉམས་ཉེན་ཞིག་སྟོན་ཅིང་།
མི་རིགས་ཀྱི་སྙིང་དབུས་སུ་མནན་པའི་ཚེ་སྲོག་གི་དུང་བརྡ་ཞིག་སྒྲོག
མེ་ལྕེ་གཅིག་མེ་ལྕེ་ལྔ་དྲུག་ཏུ་གྱུར་ཅིང་།
མེ་ལྕེ་དེ་དག་མེ་ལྕེ་བརྒྱ་ཕྲག་དང་སྟོང་ཕྲག་ཏུ་གྱུར་དུས།
ད་དུང་སངས་མི་ཐུབ་པའི་མུན་ནག་ཅིག་ཡོད་མི་སྲིད།
ད་དུང་སད་མི་ཐུབ་པའི་རྨི་ལམ་ཞིག་ཡོད་མི་སྲིད།

0 བསམ་ཚུལ་འདོན་པ།:

Post a Comment