ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday 11 November 2011
dscn4924
མདང་དགོང་རྨི་ལམ་ནང་གནའ་ བོའི་རྒྱ་ནག་གི་རི་མོ་ལྟ་བུའི་ཡུལ་ལྗོངས་ཤིག་ལ་མྱུལ་ཅིང་། གྲི་རྣོན་པོ་ཞིག་གིས་འབྱུང་པོའི་བེམ་གཟུགས་འགའ་ཚལ་བུར་གཏུབས་སོང་། ཆུ་ཚོད་བདུན་པར་གཉིད་ལས་སད། མདང་དགོང་ཆུ་ཚོད་བཅུ་གཉིས་སྟེང་ཨ་རིའི་རྒྱལ་ཡོངས་སུ་ཆུ་ཚོད་བརྗེ་བོ་བརྒྱབ་ པ་ཡིན་པས། ད་ནངས་ཞོགས་པར་མི་འགའ་རེས་དེ་མ་ཤེས་པར་དུས་ཆད་མང་པོ་ཞིག་གི་སྔོན་དུ་བསླེབས་ པ་ནི་ལོ་རྟག་པར་རྒྱུན་ལྡན་ཞིག་གནས་ཚུལ་རེད།
ངོ་དེབ་ལས་ཨ་ནེ་ཆོས་མཚོས་ རང་ལུས་མེར་སྲེག་གཏོང་དུས་ཀྱི་འདྲ་པར་ལྟ་མི་བཟོད་པ་ཞིག་མཐོང་ཞིང་། ང་ཚོས་ནམ་རྒྱུན་ཚེར་མ་ཞིག་ཟུག་པའམ་སྤོས་རྐང་གཅིག་གིས་བསྲེགས་ཀྱང་མི་བཟོད་ པའི་ལུས་པོ་ཞིག་དེ་ལྟར་མེ་ལྕེ་དམར་པོའི་ནང་དུ་བསྲེགས་པ་འདི་ལས་ལྷག་པའི་མི་ གཞིའི་སྙིང་སྟོབས་ཤིག་འཚོལ་དུ་མེད་ཅིང་། སྙིང་སྟོབས་འདི་ལས་བོད་བཙན་པོའི་རྒྱལ་རབས་རིམ་བྱོན་གྱི་དམག་རྟ་ཁྲི་ཕྲག་གི་ རྨིག་སྒྲ་དང་དཔའ་བོ་ཚོའི་ངར་སྐད་ཀྱིས་མཐའ་བཞིའི་དགྲ་ཚོགས་ཀྱི་མགོ་སྐེ་ བྲེགས་ཤིང་དཔའ་སྤོབས་བཅོམ་པའི་ལོ་རྒྱུས་ཁྲག་གིས་འཚོས་ཤིང་མེ་རུ་འབར་བ་དག་ ཀྱང་དྲན་པར་བྱས།
ཆུ་ཚོད་དགུ་པར་བླ་མ་ཚང་ གི་ཞབས་བརྟན་ལ་དམིགས་པའི་ཚེ་མདོ་ཚེ་གཟུངས་བགྲངས་ཤིང་། ཆུ་ཚོད་བཅུ་པར་ཚོགས་མི་དག་མཉམ་འཛོམས་ཀྱིས་ཁོང་དགུང་གྲངས་གྱ་གསུམ་དུ་ཕེབས་ པའི་མཛད་སྒོ་སྟབས་བདེ་བོ་ཞིག་བསྡུས། ཁོ་བོས་ལོ་དྲུག་གི་སྔོན་དུ་ཁོང་གི་འཁྲུངས་སྐར་སྐབས་བྲིས་པའི་ཀུན་བཟང་འཁོར་ ལོ་ཞིག་ཡོད་པ་དེ་ཀློག་འདོན་བྱས་ཤིང་། མི་གཞན་དག་གིས་ཀྱང་བོད་ཡིག་དང་དབྱིན་ཡིག་ཏུ་བྲིས་པའི་སྙན་ངག་རེ་གྱེར་འདོན་ བྱས་པ་སོགས་རྟེན་འབྲེལ་ལེགས་ཚོགས་ཀྱི་སྒོ་བརྒྱ་ཅིག་ཅར་ཕྱེས།

དེ་ནས་ཤོད་དུ་སོང་སྟེ་ངོ་ ཤེས་གྲོགས་པོ་ཚོ་དང་མཉམ་དུ་ཉིན་གུང་གི་ཟ་མ་ཟོས་ཤིང་། ཨ་རི་བ་ཕོ་གསར་ཞིག་གིས་སེམས་ནང་ཆུང་དུས་ནས་བཟུང་སྟེ་མི་སྐྱིད་པ་དང་འཇིགས་ སྣང་གིས་ཁེངས་འགྲོ་བས་ལམ་སྟོན་ཞིག་བྱེད་རོགས་ཟེར་བར། སྟོན་པའི་སྐུ་པར་དང་སྐུ་འདྲ་རེ་མདུན་དུ་བཞག་ནས་དེ་ལ་དམིགས་པའི་ཞི་གནས་རེ་ སྒོམས་དང་ཕན་གི་རེད། རང་སེམས་ནང་མི་སྐྱིད་པའི་ཚོར་བ་སྐྱེས་པའི་དུས་སུ་ཚོར་བ་དེའི་ངོ་བོར་ལྟོས། ཚོར་བ་དེས་ཚུར་ལུས་སེམས་གནོན་དུ་མ་འཇུག་པར་ཚོར་བ་མི་སྐྱིད་པ་ཁོ་རང་ལ་ཁ་ཡ་མ་ བྱེད་པར་རང་དགར་ཞོགས་དང་རང་སར་གྲོལ་འགྲོ་བ་ཆོས་ཉིད་རེད། ཞོགས་པའི་ཡར་ལ་ལངས་པའི་དུས་དེ་རང་ལ་ངའི་སེམས་ནང་དུ་སྟོན་པ་ཐུགས་རྗེ་ཅན་གྱི་ བྱིན་རླབས་ཞུགས་ཡོད་པས་དེ་རིང་གི་ཉི་མ་འདིར་ངའི་སེམས་ནང་ཚོར་བ་སྡུག་བསྔལ་ ཞིག་གྲབ་བྱེད་སྲིད་ཀྱང་དེ་ངའི་སེམས་ནང་འཛུལ་དུ་འཇུག་གི་མིན་བསམ་པའི་དཔའ་ སྤོབས་ཤིག་ཆོངས་དང་དེས་ཕན་སྲིད། ཡང་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་རྩོམ་དེབ་སྤྲོ་སྣང་གི་མི་ཚེ་ཞེས་ པ་དེར་ལྟོས་དང་ཨ་རི་བ་མང་པོས་དེབ་དེས་སེམས་པ་སྤྲོ་བའི་ཐབས་ཤེས་མང་པོ་ཞིག་ ངོ་སྤྲོད་བྱས་སོང་ཟེར་གི་འདུག་ཅེས་བརྗོད་པས། ཕར་བལྟས་ཚོད་ལ་ཞེ་དྲགས་དགའ་སོང་། སྤྱིར་ན་ཕོ་གསར་འདི་གསར་བུ་རྫིགས་པོ་ཤེས་ཡོན་ཡང་དགའ་རབས་ཤིག་ལོས་ཡོད་བསམ་པ་ ཞིག་འདུག་ཀྱང་སེམས་ནང་དུ་ཞི་བདེའི་ཚོར་བ་བརླགས་ཟིན་པའི་གྲས་ཀྱི་གཅིག་རེད་ འདུག ཡང་ཨ་རི་ནས་སྐྱེས་པའི་ཤར་ཕྱོགས་པ་ཞིག་གིས་ཁོའི་བཟའ་ཚང་གི་དཀའ་རྙོག་སྐོར་ གླེང་བྱུང་བས། བཟའ་ཚང་ཞིག་ཡོད་ཚར་དུས་བདེ་སྐྱིད་རྐྱང་མ་གཏོགས་སྡུག་བསྔལ་མི་འདོད་པ་དེ་ནོར་ འཁྲུལ་རེད། མི་གསུམ་བཞི་མཉམ་དུ་བསྡད་ན་མི་རེ་རེར་སེམས་པ་མི་འདྲ་བ་རེ་རེ་ཡོད་པས། དེ་ཚོ་མཐུན་དུས་དང་མི་མཐུན་དུས་གཉིས་ཀ་ཡོད་པ་ནི་ཆོས་ཉིད་རེད། ཐ་ན་མི་རྐྱང་ཞིག་ཡིན་ཡང་དེའི་ལུས་སེམས་གཉིས་མ་མཐུན་པར་དཀའ་ངལ་ག་ཚོད་འདུག དཀའ་རྙོག་ལ་སེལ་ཐུབ་པའི་རིགས་ཤིག་དང་མི་ཐུབ་པའི་རིགས་གཉིས་ཡོད་པ་རེད། སེལ་ཐུབ་པ་དེའི་ཆེད་དུ་སེམས་ཁྲལ་མ་བྱེད་པར་སེལ་ཐབས་བྱོས། སེལ་མི་ཐུབ་པ་དེའི་དོན་དུ་སེམས་ཁྲལ་མ་བྱེད་པར་ལྷོད་ཤིག་གེར་སྡོད་བརྗོད་པས། ཡ་ཡ། གང་ཐུབ་ཅི་ཐུབ་བྱེད་ཀི་ཡིན་ཟེར།
དེ་ནས་སློབ་ཕྲུག་མ་ཚེ་ འཕེལ་དང་མོའི་ཨ་མའི་མཉམ་དུ་ཚེ་འཕེལ་ལ་བོད་ཡིག་གི་ཐ་སྙད་ཁག་ཅིག་ལ་ཚིག་གྲུབ་ བཟོ་རོགས་བྱས། བུ་མོ་འདིར་རིགས་པ་ཧ་ཅང་ཡག་པོ་ཞིག་ཡོད་པས། འདི་ལོའི་དབྱར་ཁར་རྒྱ་གར་དུ་སོང་ནས་ཟླ་བ་གཉིས་བསྡད་པའི་རིང་ལ་དབུ་ཅན་འབྲི་ སྟངས་ཤིག་བསླབས་རྗེས། འདི་ནས་དབུ་ཅན་འབྲི་དུས་ང་ཚོ་མི་རྒན་ཚོའི་འབྲི་སྟངས་ཅི་བཞིན་འབྲི་ཐུབ་པ་ ཞིག་འདུག
དེ་རིང་གི་གནམ་གཤིས་ནི་ སྤྲིན་པ་རེས་དྭངས་རེས་འཐིབས་ཤིག་ཡིན་ཞིང་། སྡོང་ལོ་སེར་པོ་དག་གྲང་རླུང་གི་ཁྲོད་དུ་ཡར་འཕུར་མར་འཕུར་བྱེད། གསར་འགྱུར་ལས་སྐར་རྡོ་ཆེན་པོ་ཞིག་སའི་གོ་ལའི་ཐག་ཉེར་བསླེབས་ཡོད་ཀྱང་དེས་ གདོང་གཏུག་གི་ཉེན་ཁ་མི་འདུག་ཀྱང་། ལོ་ངོ་སོ་ལྔའི་རིང་སའི་གོ་ལའི་ཐག་ཉེ་ཤོས་སུ་བསླེབས་པའི་སྐར་རྡོ་ཞིག་རེད་ ཟེར། མེ་ཁལ་ཇག་སོན་གྱི་སྨན་པ་དེའི་རྩོད་རྙོག་ད་དུང་ཁྲིམས་ཁང་ནས་ཐག་གཅོད་བྱས་མི་ འདུག ཨོ་ཁ་ཧོ་མ་ཞིང་ཆེན་དུ་ས་ཡོམ་ཞིག་བརྒྱབ་སྟེ་ཡེ་ཤུའི་ལྷ་ཁང་ཞིག་གི་རྩིག་ཟུར་ ཞིག་ལ་གཏོར་སྐྱོན་ཐེབས་ཡོད་པ་དང་ཁང་པ་མང་པོ་ཞིག་ལ་སེར་ཁ་ཆེན་པོ་རེ་ཡང་གས་ འདུག ས་དེའི་ལོ་རྒྱུས་སྟེང་དེ་འདྲའི་ས་ཡོམ་བརྒྱབ་པ་ཐོག་མ་རེད་ཟེར། ད་ནི་སའི་གོ་ལ་འདི་ལ་ཅིག་འགྲིག་གི་མེད་ཐག་ཆོད་རེད།
གནམ་ཀླད་དང་ངོ་དེབ་ལས་གྲོགས་པོ་སྐོར་ཞིག་ལ་ཁ་བརྡ་བྱས། སེར་ཆེན་མེ་ཏོག་ཅེས་པ་ཞིག་གིས་ཁོ་བོའི་ངོ་དེབ་སྟེང་སྐྱག་པ་སྐམ་པོ་ཁ་ལ་ཟོ་ཞེས་ ལན་ཞིག་བཞག་འདུག མི་ཟེར་བ་འདི་ཡ་མཚན་རེད། གཅིག་གིས་གཅིག་ལ་གནོད་པ་ཁབ་རྩེ་ཙམ་ཡང་བསྐྱལ་མྱོང་མེད་ཀྱང་མི་ལ་འདི་ལྟར་མི་ དགའ་བའི་རྣམ་འགྱུར་སྟོན་པ་ནི་ཅི་ཞིག་གིས་མ་འགྲིགས་པ་རེད་དམ། ང་ཚོས་རྟག་པར་དུད་འགྲོ་ནི་ངན་སོང་གི་སྐྱེ་གནས་སུ་སྐྱེས་པས་དེ་ཚོ་འགྲོ་བ་མི་ ལས་རིགས་དམན་པར་བརྩིས་དང་རྩི་བཞིན་ཡོད་ཀྱང་། གཞན་ལ་གཞི་མེད་པའི་ངན་སེམས་འཆང་བ་དང་ཚིག་རྩུབ་བརྗོད་པའི་ཆ་ནས་སྐབས་མང་པོ་ ཞིག་ལ་མི་མང་པོ་ཞིག་དུད་འགྲོ་ལ་ཡང་དོ་གི་མེད་པ་རེད་ཨང་། དཔེར་ན་མི་གཞན་ལ་ངན་སེམས་འཆང་བ་དང་ཞེ་སྡང་སྐྱེ་བ། ཕྲག་དོག་བྱེད་པ་དང་ཚིག་རྩུབ་བརྗོད་པ་སོགས་ཀྱི་སྐབས་སུ་རང་ཉིད་ཀྱི་སེམས་མི་ སྐྱིད་པ་དང་ཟས་མི་འཇུ་བ། གཉིད་ཡག་པོ་མི་ཁུག་པ་སོགས་ལུས་སེམས་ཀྱི་འཕྲོད་བསྟེན་ལ་གནོད་ཀི་ཡོད་པ་མ་ གཏོགས། མི་གཞན་དེར་གནོད་འགྲོ་རྒྱུ་ཕྲ་མོ་ཙམ་ཡང་མེད་པས། གཞི་རྩའི་ཆ་ནས་རང་གིས་རང་ལ་གནོད་འཚེ་བཏང་བ་འབའ་ཞིག་རེད།
ཆུ་ཚོད་དྲུག་པར་དགོང་ མོའི་གསོལ་སྟོན་ཞིག་ལ་ཕྱིན། ཁམས་མོ་ཉི་སྒྲོལ་གྱི་གསེར་གྱི་གདུ་བུ་དང་ཚིགས་ཁེབས་རང་གི་ལག་མགོ་དང་མཛུབ་ མགོར་གྱོན་ནས་ཚོར་བ་ཅི་འདུག་བརྟགས་པས། དེང་སྐབས་ང་ནི་གསེར་གྱི་རྒྱན་ཆ་ལ་ཡང་དགའ་མོས་ཡོད་པ་ཞིག་ཆགས་འདུག་པས་ཡ་མཚན་ འདྲ་ཞིག་སྐྱེས།
བརྙན་འཕྲིན་ལས་མི་གསོད་དོགས་གཞིའི་རིགས་རྩད་གཅོད་ཀྱི་ལེ་ཚན་རྒྱ་མཚོ་སྟེང་གི་བོར་བརླག་ཅེས་པ་ཞིག་ལ་བལྟས།

0 བསམ་ཚུལ་འདོན་པ།:

Post a Comment