ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday 15 March 2012


སྙིང་ཉེ་བའི་དྲ་གྲོགས་མ་ལགས། ཁྱོད་ཀྱི་ཁ་པར་མ་ཡོང་བའི་ཉི་མ་འདི་ཚོར་ཁྱོད་བདེ་མོ་ཡིན་ནམ། ངས་ཁྱོད་ཀྱིས་ཁ་པར་མ་བཏང་བ་ཙམ་གྱིས་ཁྱོད་ངའི་སྟེང་ལ་མི་དགའ་བའམ་ཁོང་ཁྲོ་ལངས་ཡོད་བསམ་གིན་མེད། ངས་ཁྱོད་ཀྱིས་མཚམས་མཚམས་ལ་ཉི་མ་རེར་ཆུ་ཚོད་བཅུ་ལྷག་ལ་བྱ་བ་སྒྲུབ་བཞིན་ཡོད་པ་ཡང་ཤེས་ཡོད། ཁྱོད་ལ་ཡང་ཁྱོད་ཀྱི་ཚོད་ཀྱི་འགྲོ་སྒོ་མང་བས་ཁྱོད་ཀྱིས་ཆུ་ཚོད་མང་པོར་བྱ་བ་མ་ལས་ན་ག་ལ་འགྲིག ངས་དེ་རིང་བརྙན་འཕྲིན་ལེ་ཚན་བརྒྱུད་དེ་ཁྱེད་ཀྱིས་ངའི་རེ་བ་དང་ལེན་བྱས་ཏེ་སྟོད་གོས་ལྗང་སྐྱ་ཞིག་གྱོན་ཡོད་པ་མཐོང་བའི་མོད་ལ། ངས་རང་གི་མི་ཚེ་གང་པོར་ཁྱེད་ལ་བྱམས་སྐྱོང་དང་བརྩེ་དུང་སྤྲོད་ན་འདོད། ཁྱོད་ཀྱིས་ལྟོས་དང་། འཇིག་རྟེན་གྱི་ཁམས་འདི་ཕོ་མོ་གཉིས་ལས་གྲུབ་ཅིང་། ཕོ་མོ་གཉིས་མཉམ་དུ་འཛོམས་ན་ད་གཟོད་འཇིག་རྟེན་གྱི་འཚོ་བ་ལ་བརྩེ་དུང་དང་དྲོད་ཁོལ་ལྡན་པ་རེད། དོ་དགོང་ངས་རྒྱ་སྐད་ཀྱི་གློག་བརྙན་བོད་བསྒྱུར་མ་"ངའི་འདོད་པ་ཚེ་གཅིག་སྐྱ་ཡ་"ཞེས་པ་དེར་ལྟ་བཞིན་ཡོད་ལ། གློག་བརྙན་དེའི་ནང་གི་བུ་མོ་ཞིག་གིས་བརྩེ་དུང་ལ་ཨུ་ཚུགས་ བྱས་ནས་ཡོང་རྒྱུ་ཡོད་ནི་མ་རེད་ཅེས་བརྗོད་སོང་།
ཡིན་ན་ཡང་ངས་རང་གི་ཚེ་སྲོག་གི་མཐའ་མཇུག་བར་དུ་བརྩེ་དུང་ལ་ཨུ་ཚུགས་བྱེད་ རྒྱུའི་དམ་བཅའ་བཞག་པ་ཡིན། ངས་ཁྱོད་ལ་ཨེ་བཤད་ཐལ། ང་འདི་ཆུང་དུས་ནས་བཟུང་སྟེ་བརྩེ་དུང་གི་གློག་བརྙན་ལ་ལྟ་རྒྱུར་དགའ་ཞིང་བརྩེ་དུང་གི་བརྩམས་སྒྲུང་ཀློག་རྒྱུར་ཡང་ཧ་ཅང་དགའ། སྣ་ཁ་མི་གཅིག་པའི་སྒྱུ་རྩལ་གྱི་གྲུབ་ཆ་འདི་གཉིས་ཀྱིས་གཅིག་བྱས་ན་ངའི་མི་ཚེའི་ཁ་ཕྱོགས་བསྒྱུར་ཡོད་ན་ཐང་། ཡིན་ན་ཡང་མི་སྐྱོན་གི ངས་རང་གིས་ཇི་འདྲ་ཞིག་བྱས་ཏེ་མི་ཚེ་སྐྱེལ་དགོས་པ་དེ་ཡང་རོབ་ཅིག་ཤེས་ཡོད།
ཁྱོད་ཀྱི་སེམས་ལ་ཡང་མ་དྲན་པ་ཞིག་ངས་བྱེད་རྩིས་ཡོད། དེ་ནི་གོམ་བགྲོད་ཅིག་ཡིན། དེའི་མིང་ལ་བརྩེ་དུང་གི་གོམ་བགྲོད་ཟེར། དེ་ནི་ཁྱོས་ངའི་བརྩེ་དུང་ལ་ངོས་ལེན་མ་བྱས་པར་དུ་སྤེལ་རྒྱུའི་བརྩེ་དུང་གི་ གོམ་བགྲོད་ཅིག་ཡིན། དེ་ནི་འདི་ག་ཝ་ཞིང་ཁྲོན་ཞིང་ཆེན་ནས་མགོ་བཙུགས་ཏེ་དེ་ག་ཝ་ཞིང་ཁྲོན་གྲོང་ ཁྱེར་བར་དུ་གོམ་བགྲོད་བྱེད་རྒྱུ་ཞིག་རེད། ས་ཆ་འདི་གཉིས་ཀའི་བར་ཐག་ན་སྤྱི་ལེ་2,193.24 འདུག ཡིན་ན་ཡང་ངས་བརྩེ་དུང་གི་གོམ་བགྲོད་འདི་གཟའ་འཁོར་རྗེས་མ་ནས་བཟུང་སྟེ་མགོ་འཛུག་བྱེད་རྒྱུ་ཡིན་ལ། བརྩེ་དུང་གི་འགྲུལ་བཞུད་རིང་མོ་འདིའི་ཁྲོད་དུ་ངས་ཨ་རིའི་ཞིང་ཆེན་མི་འདྲ་བའི་ནང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སྣ་ཚོགས་ཤིག་བརྒྱུད་ནས་གོམ་བགྲོད་བྱེད་རྒྱུ་ཡིན། དེ་ཡང་རི་བོ་དང་གཙང་པོ་གྲགས་ཅན། གྲོང་ཁྱེར་དང་འགྲེམ་སྟོན་ཁང་གྲགས་ཅན་སོགས་ཨ་རིའི་རིག་གཞུང་གི་བསྡུས་གཟུགས་གང་མང་ཞིག་ཀྱང་ཞར་དང་ཞོར་ལ་མཐོང་རྒྱུ་ཡིན་ཞིང་། དེ་བས་ཀྱང་གལ་ཆེ་བ་ཞིག་ནི། ཨ་རིའི་ས་གནས་མི་འདྲ་བ་རེ་རེར་བསླེབས་ཚེ་ས་གནས་དེའི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་དག་ལ་ཐུག་འཕྲད་ཀྱིས་མི་ཚེའི་ཉམས་མྱོང་བརྗེ་རེས་དང་ལྷག་པར་དུ་བརྩེ་དུང་གི་ཕྱོགས་སུ་ལྟ་སྟངས་མི་འདྲ་བ་གང་ཡོད་ཀྱི་བགྲོ་གླེང་རེ་རེ་བྱེད་རྩིས་ཡིན།
དོ་དགོང་ཚེས་པ་བཅོ་ལྔ་ཡིན་པས། ད་ལྟ་ཤར་ཕྱོགས་ཀྱི་མཁའ་དབྱིངས་སུ་མཛེས་སྡུག་ལྡན་པའི་ཟླ་བ་སྒོར་མོ་ཞིག་ག་ལེར་རྒྱུ་བཞིན་འདུག ང་རང་ཕྱི་ལོགས་སུ་བུད་དེ་ཟླ་འོད་དཀར་པོ་དེའི་ཀློང་དུ་འཆམ་འཆམ་ཞིག་ལ་འགྲོ་བཞིན་ཡོད་ཅིང་། གློ་བུར་དུ་ཁྱོད་རང་སེམས་ནང་ལ་ཝ་ལེར་ཤར་སོང་བས་ཁ་པར་ཞིག་བཏང་བ་ཡིན་མོད། ཁྱོད་ཀྱིས་ནམ་རྒྱུན་བཞིན་ཁ་པར་བླངས་མ་སོང་། ད་ལྟ་ང་ལ་མཚོན་ན་ཁྱོད་ལ་ཁ་པར་རེ་གཏོང་རྒྱུ་དེ་ཡང་ཆེས་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན་པ་ལས། ཁྱོད་ཀྱིས་ཁ་པར་ལེན་དང་མི་ལེན་ལ་ཡང་དོ་སྣང་དེ་ཙམ་བྱེད་ཀིན་མེད་ལ། ཁྱོད་ཀྱིས་འདོད་པ་ཡོད་དུས་མ་གཏོགས་ཁ་པར་མི་ལེན་པ་དེ་ཡང་ང་ལ་མཚོན་ན་ད་ལྟ་ཆེས་རྒྱུན་ལྡན་ཞིག་ཏུ་གྱུར་འདུག ལྷིང་འཇགས་ཀྱི་ཟླ་འོད་དཀར་པོ་དེའི་ཀློང་དུ་འཆམ་འཆམ་ཏོག་ཙམ་བྱེད་བཞིན་པའི་དུས་དེར། ངོ་མ་མཛེས་སྡུག་ལྡན་པའི་ཟླ་བ་སྒོར་མོ་དེ་ཡང་ཁྱོད་ཀྱི་ཡིད་དུ་འོང་བའི་ཞལ་རས་དེ་གཉིས་ཇི་འདྲ་ཞིག་འདྲ་ཨང་སྙམ་པའི་བསམ་བློ་ཞིག་སྐྱེས་ཤིང་། གནའ་སྔ་མོའི་དུས་ནས་བཟུང་སྟེ་སྙན་ངག་པ་དག་གིས་མཛེས་མའི་ཞལ་རས་དང་ཟླ་བ་གཉིས་སྦྱར་ནས་སྙན་ངག་འབྲི་བ་དེ་ལ་གནས་ལུགས་ངེས་ཅན་ཞིག་ཡོད་པ་རྟོགས་པ་དང་། དོ་དགོང་ལྟ་བུའི་ཟླ་འོད་འོག་ཏུ་ཁེར་རྐྱང་གི་སྡུག་བསྔལ་མྱོང་བཞིན་པའི་སྐྱེ་བོ་ལས་སྐལ་དམན་པ་བདག་ལྟ་བུ་ཁྲི་འབུམ་དུ་མ་ཞིག་ལ་མཚོན་ན། རང་སེམས་སོང་བའི་བརྩེ་དུང་གི་འཇུག་ཡུལ་དེའི་མཛེས་པའི་ཞལ་རས་ཡིད་ལ་འཁོར་ཐེངས་རེ་རེར་ཟླ་བ་སྒོར་མོ་དེ་ལ་ཇི་འདྲའི་མཛའ་སེམས་ཤིག་བཅངས་ཡོད་ཨང་སྙམ་པའི་ཚོར་བ་ཞིག་ཀྱང་སྐྱེས་སོང་། དེ་བས་ཁ་པར་ནང་དུ་མཛེས་སྡུག་ལྡན་པའི་ཉ་གང་ཟླ་བ་དེ་ཁྱོད་ཀྱི་ཞལ་རས་དང་ཧ་ཅང་འདྲ་ཞེས་པའི་དབྱིན་ཡིག་གི་འཕྲིན་ཐུང་ཞིག་བསྐུར་པ་ཡིན། དོ་དགོང་གི་ཟླ་བ་འདི་ནི་ངོ་མ་ཇི་འདྲས་མཛེས་སྡུག་ལྡན་ཞིང་ཡིད་སེམས་འཕྲེང་བ་ཞིག་རེད་ཨང་། ངས་ཟླ་བ་དེའི་འོག་ཏུ་ཨ་རིའི་རྒྱལ་ས་ཝ་ཤིང་ཁྲོན་ཡོད་པ་དང་། རྒྱལ་སའི་ཐོག་བརྩེགས་ཅན་གྱི་ཁང་པ་ཞིག་ཏུ་ཁྱོད་ཀྱི་སྡོད་ཁང་ཡོད་པ་ཤེས་པ་ཙམ་ཞིག་ལས། ཁྱོད་ཀྱི་སྡོད་ཁང་དེའི་སྒོ་དང་སྒེའུ་ཁུང་འཁོར་ཕྱོགས་གང་ཞིག་ཏུ་བསྟན་ཡོད་མེད་མི་ཤེས། གལ་སྲིད་ཁྱོད་ཀྱི་སྒེའུ་ཁུང་ལས་དོ་དགོང་གི་ཟླ་འོད་དཀར་པོ་འདི་འཕྲོས་པ་ཡིན་ན། དེ་ནི་ཁྱོད་ལ་མཚོན་ན་ཇི་འདྲས་དོན་སྙིང་ལྡན་པ་ཞིག་རེད་ཨང་། ཁྱོད་ཀྱི་འདས་ཟིན་པའི་ལོ་ཟླ་དེ་ཚོའི་ནང་དུ། དོ་དགོང་གི་ཟླ་འོད་འདི་ལྟ་བུའི་དཀར་བསིལ་ཟླ་བའི་མཚན་ལྗོངས་རེ་རེའི་འོག་ཏུ་ཁྱོད་དང་ཁྱེད་ཀྱི་སྙིང་སྡུག་ཅི་ཙམ་ཞིག་གིས་བརྩེ་དུང་གི་རོ་མངར་འཐུལ་བའི་འདོད་པའི་རྩེ་དགར་རོལ་ཡོད་ཨང་།
གལ་སྲིད་ང་ལ་ལྷ་སྒྲུང་ལས་བཤད་པའི་རྫུ་འཕྲུལ་དེ་ལྟ་བུ་ཞིག་ཡོད་པ་ཡིན་ན། དོ་དགོང་ང་རང་དཀར་བསིལ་གྱི་ཟླ་འོད་དེར་སྤྲུལ་ནས་མཚན་གང་བོར་ཁྱེད་ཀྱི་མཛེས་པའི་ཞལ་རས་དེའི་ངོས་སུ་འཕྲོས་ན་འདོད་ལ། གལ་སྲིད་ནམ་གུང་གི་མཁའ་དབུགས་གྲང་མོའི་ཁྲོད་དུ་ཁྱེད་ཀྱི་ཉལ་གོས་མར་ཅུང་ཟད་ཤུད་པ་ཡིན་ན་ངས་ལམ་སེང་ཟླ་འོད་ཀྱི་ལག་པ་དེ་བཀོལ་ནས་ཁྱེད་ཀྱི་ཉལ་གོས་ག་ལེར་ཁྱེད་ཀྱི་ལུས་སྟོད་དུ་འགེབ་ངེས་ཡིན། འདི་དང་འདི་ལྟ་བུའི་འཆར་ཡན་གྱི་ཀློང་ནས་ང་རང་ཕྱིར་རང་གི་ནང་དུ་ལོག་པ་ཡིན། ཨོ། ནང་དུ་མ་ལོག་སྔོན་དུ་ཁོ་རི་ཡན་གྱི་ཁྲེ་རེ་ཡ་ཀེ་ཟེར་བའི་ཟ་ཁང་ཆུང་ཆུང་དེར་ཕྱིན་ནས་བརྔོས་ཐུག་ཅིག་མངགས་པ་ཡིན། ཁྱོད་ཀྱིས་བརྗོད་པ་ལྟར་ན་ཁྱོད་རང་ཟ་མ་བཟོ་རྒྱུར་དགའ་ཞིང་། ཟ་མ་ཞིམ་པོ་སྣ་ཁ་རེ་ཟུང་བཟོས་རྗེས་རང་ཉིད་གཅིག་པོས་བཟའ་བར་ཧ་ཅང་དགའ་ཟེར། ང་ནི་དེ་ལས་ལྡོག་སྟེ་རང་ཉིད་གཅིག་པོས་ཟ་མ་བཟོ་རྒྱུ་འདི་ལས་སུན་སྣང་སྐྱེ་བ་ཞིག་མེད་ཅིང་། ནམ་རྒྱུན་ལག་ཏུ་སྒོར་རྡོག་ཆ་རེ་ཡོད་དུས་ལམ་སེང་ཉེ་འགྲམ་གྱི་ཟ་ཁང་དེ་ཚོར་སོང་ནས་ཟ་མ་རེ་བཟའ་གིན་ཡོད།
ལྟོས་དང་ཡང་ངས་སྨྱོ་བཤད་བྱེད་བཞིན་འདུག དྲང་མོར་བཤད་ན་ངས་ཁྱོད་ལ་གཟའ་འཁོར་གཅིག་གི་བསམ་བློ་གཏོང་བའི་དུས་ཚོད་ཅིག་སྟེར། དུས་ཚོད་དེའི་ནང་དུ་ཁྱེད་ཀྱིས་ང་ལ་བརྩེ་འཕྲིན་ཞིག་བསྐུར་རྒྱུ་དེ་ངའི་རེ་བ་ཡིན། བརྩེ་འཕྲིན་དེ་ཡང་ངའི་བརྩེ་དུང་གི་གོམ་བགྲོད་རིང་མོ་དེ་མགོ་འཛུག་དགོས་མིན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་ངས་རེ་སྒུག་བྱེད་བཞིན་ཡོད། མ་གསང་བར་བཤད་ན་བརྩེ་དུང་གི་གོམ་བགྲོད་འདི་ནི་ངས་གསར་གཏོད་བྱས་པ་ཞིག་ཡིན་ན་ཡང་ཐང་། ད་སྔ་ཕན་ཆད་བརྩེ་དུང་གི་ཆེད་དུ་རང་སྲོག་དོར་བ་དང་སྐྲ་ལོ་གཏུབས་པ། གྲྭ་པ་དང་ཨ་ནེ་བཟོས་པ། རྒྱུ་ནོར་དང་སྙན་གྲགས་བློས་གཏོང་བྱེད་མཁན་སོགས་གྲངས་ཀྱིས་མི་ལོངས་པ་ཞིག་བྱུང་ཡོད་ན་ཡང་། བརྩེ་དུང་གི་ཆེད་དུ་ལེ་དབར་སྟོང་ཕྲག་མང་པོའི་ལམ་དུ་གོམ་བགྲོད་བྱེད་མཁན་ཞིག་བྱུང་བའི་གནས་ཚུལ་འདི་རིགས་གོ་ཐོས་མེད། ཨོ་ངས་གཅིག་བརྗེད་གྲབ་འདུག བརྩེ་དུང་གི་གོམ་བགྲོད་རིང་མོ་འདིའི་ཆེད་དུ་ངས་བརྩེ་དུང་གི་དར་ཆ་ཞིག་ཀྱང་གསར་བཟོ་བྱས་ཡོད། དར་ཆ་དེའི་ངོས་སུ་བརྩེ་དུང་གི་བསྡུས་གཟུགས་སྙིང་དམར་པོ་ཞིག་གི་ངོས་སུ་ང་ཁྱེད་ལ་དགའ་ཞེས་པའི་གསེར་མདོག་གི་ཡིག་འབྲུ་འགའ་བྲིས་ཡོད་ཅིང་། དེ་ཡང་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱིས་བྲིས་ཡོད། གོམ་བགྲོད་མ་བྱས་པའི་སྔོན་གྱི་ཉི་མ་བདུན་པོ་འདིའི་རིང་ལ་ངས་ངོ་དེབ་དང་འཕྲུལ་སྒྲ་སོགས་སུ་བརྩེ་དུང་གི་གོམ་བགྲོད་རིང་མོ་འདིའི་ནང་དུ་འཛུལ་ཞུགས་བྱེད་མཁན་ཡོད་ན་ཐོ་འགོད་བྱེད་རོགས་ཞེས་གསལ་བསྒྲགས་བྱེད་ཀྱི་ཡིན། དེ་ནི་ང་དང་ང་ལྟ་བུ་བརྩེ་དུང་གི་སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་བརྩེ་དུང་གི་བྲན་གཡོག་མང་པོར་རང་སེམས་ཀྱི་གདུང་བ་དེ་ཕྱི་རུ་མངོན་པའི་གོ་སྐབས་རྩ་ཆེན་ཞིག་བསྐྲུན་པའི་ཆེད་དུ་ཡིན།
བྲིས་ནས་མཚམས་འདིར་བསླེབས་དུས་ང་ལ་མི་ཞིག་གིས་ཁ་པར་ཞིག་བསླེབས་སོང་། ངས་གཅིག་བྱས་ན་ཁྱོད་རང་ཡིན་ཡང་སྲིད་སྙམ་བཞིན་ཁ་པར་གྱི་ངོས་སུ་བལྟས་པ་ན། དེ་ནི་ཁྱོད་མ་ཡིན་པར་ངའི་གྲོགས་པོ་གཞན་ཞིག་རེད། གྲོགས་པོ་འདིའི་ཆུང་མར་བྱིས་པ་སྐྱེ་རྒྱུ་ཡོད་པས། མོའི་ཨ་མ་བོད་ནང་ནས་བྱིས་པ་སྐྱེ་རོགས་སུ་ལེན་ཨེ་ཐུབ་ལྟ་གིན་ཡོད་པ་རེད། ཁྱོད་རང་བྱིས་པ་ལ་དགའ་འམ། བུད་མེད་མང་ཆེ་བར་བྱིས་པ་ལ་དགའ་བའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་འདུག་པས། ངས་བསམས་ན་དེ་རིང་གི་ཁྱོད་རང་ཡང་ལོ་ཚོད་དང་ཉམས་མྱོང་གང་ཐད་ནས་བྱིས་པ་ལ་ལོས་དགའ་བསམ་གི ཁྱོད་ཀྱིས་ང་ལ་བྱིས་པ་གཉོར་བའི་ཉམས་མྱོང་མེད་ཀི་མ་བསམས། ང་ལོ་བཅུ་གཉིས་ཡིན་དུས་ངའི་ཨ་མས་ངའི་ནུ་བོ་ཆུང་ཤོས་ཏེ་བཙས་རྗེས་ཉམ་རྒྱུན་གྱི་ནད་གཞིའི་སྟེང་དུ་གཟུགས་གཞི་སྐྱོ་བས་ལོ་ངོ་འགའ་ལ་ཧ་ཅང་ན་སོང་བས། ངས་སྐྱེས་ནས་གཟའ་འཁོར་གཅིག་སོང་མེད་པའི་ངའི་ནུ་བོ་ཆུང་ཆུང་དེ་ཕལ་ཆེར་ཨ་མ་ལྟ་བུར་ལོ་གསུམ་ལ་མ་བསླེབས་བར་དུ་གཉོར་བ་ཡིན། བྱིས་པ་གཉོར་རྒྱུ་གཅིག་པོ་ཙམ་ཞིག་མ་ཡིན་པར་བཟའ་མི་ཚོར་ཉིན་རེའི་ལྟོ་དུས་ཆ་ཚང་གི་ཟ་མ་བཟོ་རྒྱུ་སོགས་ཁྱིམ་ལས་ཕལ་ཆེར་ཡང་ངས་བྱས་པ་ཡིན། དེ་བས་ཁྱོས་ངས་བྱིས་པ་གཉོར་ཤེས་རྒྱུ་མ་རེད་སྙམ་ན་མི་འགྲིག ཡིན་ན་ཡང་ཕ་ཡུལ་དང་ཨ་རིའི་བྱིས་པ་གཉོར་སྟངས་གཉིས་གཏན་ནས་མི་འདྲ་བ་དེ་ཡང་ངས་ལོས་ཤེས།
གང་ལྟར་ངས་ཁྱེད་ཀྱི་ཁ་པར་དང་འཕྲིན་ཡིག་ལ་ནམ་ཡང་རེ་སྒུག་བྱེད་བཞིན་བསྡད་ཡོད་པ་དེ་ཁྱོད་ཀྱིས་ཤེས་ཡོད་དམ། ངའི་སྙིང་ཉེ་བའི་དྲ་གྲོགས་མ་ལགས། ངའི་ཆེས་དུང་བའི་སྙན་ངག་མ་ཀྱེ།

0 བསམ་ཚུལ་འདོན་པ།:

Post a Comment