ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday 3 October 2011
ཉིན་ཐོ་འབྲི་བ་ནི་བསམ་བཞིན་རང་ཉིད་དཀའ་ཚེགས་ལ་གཏོད་པ་ཡིན།

མདང་དགོང་དེ་ཙམ་གཉིད་ ཡག་པོ་ཞིག་མ་ཁུག་པས་ད་ནངས་ཞོགས་པར་ ཡར་ལངས་མ་ཐུབ་དཀའ་ལས་ཏོག་ཙམ་ཁག་བྱུང་། ཡིན་ཡང་གཟའ་ཉི་མའི་ཞོགས་ཚོགས་ཤིག་ཡོད་པས་མི་འདོད་བཞིན་དུ་ཡར་ལངས། གདོང་བཀྲུས་རྗེས་མགོ་སྐྲ་རིང་པོ་དེའི་རྩེ་ནས་ཏོག་ཙམ་གཞར། སྐྱབས་འགྲོ་སེམས་བསྐྱེད་ཡོ་ག་སོགས་འཆར་ཅན་བཞིན། གློག་ཀླད་ཀྱི་ཁ་ཕྱེས་ནས་འགྲན་རྩོམ་སྐོར་གྱི་དྲ་གྲོགས་ཚོའི་བསམ་འཆར་ལ་བལྟས། ཁེན་ས་སི་ཁྲི་ནས་ཨ་རིའི་སྐྱེས་དམན་ངོ་ཤེས་དེས་ལོ་རྗེས་མའི་དཔྱིད་ཀར་ས་གནས་ དེ་གར་ཆོས་ཁྲིད་ ཅིག་ལ་གདན་འདྲེན་ཞུ་རྒྱུ་ཐག་ཆོད་སོང་ཞེས་གློག་ཡིག་ཐུང་ཐུང་ཞིག་བཞག་འདུག
ཆུ་ ཚོད་བཅུ་པར་ཞོགས་ཚོགས་འཚོགས། མི་ལྔ་བཅུ་ཙམ་འདུས་ཤིང་སྤྱན་རས་གཟིགས་ཀྱི་ཆོ་ག་དང་ཤེར་སྙིང་སོགས་བཏོན། མཇུག་ཏུ་མི་རེ་ཟུང་ཡར་ལངས་ཏེ་སྟོན་པའི་སྐུ་མདུན་དུ་སྤོས་རེ་སྤར་རྗེས་རང་རང་ གི་ནང་མི་དང་གྲོགས་པོའི་ཆེད་དུ་བསྔོ་བ་འདོན་རོགས་ཟེར། གཅིག་གིས་ཁོའི་གྲོགས་པོ་རང་ལོ་བཅོ་ལྔ་ཡིན་དུས་ཨ་མས་རང་སྲོག་བཅད་ཅིང་། ཁ་སྔོན་ཁོ་རང་ལོ་ལྔ་བཅུ་ཟིན་དུས་ཁོས་ཀྱང་རང་སྲོག་བཅད་སོང་ཟེར། གཅིག་གིས་ཁོའི་ཁྱི་དཀར་པོ་ཞིག་ཤི་སོང་བས་བསྔོ་སྨོན་གསུང་རོགས་ཟེར། གཞན་ཞིག་གིས་ཁོས་གྲོགས་པོས་མི་བསད་རྒྱུ་འཕྲོག་གི་ནག་ཉེས་བསགས་ཏེ་བཙོན་ཁང་ དུ་ཡོད་པས་བསྔོ་སྨོན་གསུང་རོགས་ཟེར།

ཆུ་ ཚོད་བཅུ་གཉིས་ཙམ་ལ་ཤོད་ཀྱི་ཐབ་ཚང་དུ་ཡོང་དུས་ངོ་ཤེས་རྒྱ་མོ་གཞོན་ནུ་མ་ཞིག་ ཟླ་བ་བཞིའི་སྔོན་ཉིག་ཡོར་ཕྱོགས་སུ་ཟབ་སྦྱོང་ལ་སོང་བ་དེ་དང་བུ་མོ་གཞན་དག་ཅིག ད་དུང་རྒྱ་རིགས་ཕོ་གསར་ཞིག་གསུམ་བསླེབས་སོང་། རྒྱ་མོ་འདི་སྤྱིར་ན་མཛེས་མ་ཞིག་ཡིན་ལ་ཟླ་བཞིའི་རིང་གསོ་བཅུད་གང་ཞིག་ཁོག་པར་ སོང་བ་ཡིན་མིན་མི་ཤེས་ཀྱང་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་འདུག བུ་མོ་གཞན་པ་དེས་མོ་རང་ཨེ་རན་ནས་ཡོང་བ་ཡིན་ཞིང་ནང་པའི་ཆོས་ལ་དགའ་མོས་ཆེན་ པོ་ཡོད། ཁ་ཆེའི་ཆོས་ལུགས་ལ་དགའ་བོ་མེད། རྒྱུ་མཚན་ནི་རྒྱུ་མཚན་ཡིད་བརྟན་འཕེར་བ་ཅི་ཡང་མེད་པར་འདི་མི་ཆོག་དང་གན་མི་ ཆོག་རྐྱང་རྐྱང་ལབ་ཀིན་འདུག་ཟེར། མོས་མོ་རང་ནི་ནང་པ་གསར་པ་ཞིག་ཡིན་པས་དེབ་ག་འདྲ་ཞིག་ཀློག་དགོས་ཀྱི་རེད་ཟེར་ བས། ཨ་རིའི་བཙུན་མ་ཐུབ་བསྟན་ཆོས་སྒྲོན་གྱི་དེབ་ནང་ཆོས་ནང་པ་གསར་པ་ཚོའི་ཆེད་དུ་ ཞེས་པ་དེ་དཔེ་མི་སྲིད་པའི་ཡག་པོ་ཡོད་པས་དེ་ཀློགས་ལབ་པ་ཡིན། དེ་ནས་རྒྱ་རིགས་ཕོ་གསར་དེས་ཡེ་ཤུ་བ་ཚོས་ལུང་པ་གཞན་པའི་ནང་དུ་ཁོ་ཚོའི་ཆོས་ ལུགས་སྤེལ་ཐབས་བྱེད་པ་དེ་ག་འདྲ་འདུག་ཟེར་བར། གལ་སྲིད་ཁོ་ཚོས་རང་ཉིད་ཀྱི་ཆོས་ལུགས་དེ་དཔེ་མི་སྲིད་པའི་སྤྱི་ཚོགས་ལ་ཕན་ ཐོགས་ཆེན་པོ་འདུག དེས་འཛམ་གླིང་ལ་ཞི་བདེ་སྤྲོད་ཐུབ་ཀྱི་འདུག་བསམས་ནས་ཆོས་ལུགས་སྤེལ་ཐབས་བྱེད་ ཀི་ཡོད་ན་ང་དེ་ལ་རྒྱབ་སྐྱོར་ཡོད། གལ་སྲིད་ཁོ་ཚོས་རང་ཉིད་ཀྱི་ཆོས་ལུགས་དེ་གཞི་རྒྱ་ཆེན་པོ་ཞིག་ཆགས་རྒྱུ་ཙམ་ལ་ རྔམས་ཏེ་ཆོས་ལུགས་སྤེལ་བ་ཡིན་ན་དེ་ལ་ངོས་ལེན་མེད་ལབ་པ་ཡིན།
མེག་སི་ཀོའི་ཟ་ཁང་ནས་ མངགས་པའི་ཉིན་གུང་གི་ཟ་མ་ཞིག་བཟའ་རྩིས་བྱེད་དུས་མི་རྒན་མགོ་སྐྲ་དཀར་ པོ་ཅན་ཞིག་བསླེབས་ནས་སྐད་ཆ་ཞིག་འདྲི་རྒྱུ་ཡོད་ཟེར། ག་རེ་རེད་དྲིས་པར། ངས་ལོ་སུམ་ཅུའི་སྔོན་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་མདུན་ནས་སྐྱབས་འགྲོའི་ སྡོམ་པ་ཞུས་པ་ཡིན་ཏེ། རྗེས་སུ་ཁོ་ཚོའི་ཆོས་ཚོགས་ཀྱི་ཚོགས་མི་དག་གིས་ནང་འཁྲུགས་བརྒྱབ་སྟེ་སྡོད་མ་ བཟོད་པར་གནས་སྤར་བ་དང་མཉམ་དུ་ལོ་ངོ་དེ་སྙེད་ཅིག་ལ་ནང་ཆོས་ཉམས་ལེན་བྱེད་ རྒྱུ་མ་བྱུང་། ཁ་སྔོན་ཁྱེད་ཀྱི་མདུན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་པ་ཡིན། གཟའ་འཁོར་གཅིག་གི་རྗེས་སུ་ས་སྐྱ་བདག་ཆེན་ལས་ཡང་སྐྱར་སྐྱབས་འགྲོའི་སྡོམ་པ་ ཞུས་ན་འགྲིག་གི་ཨེ་རེད་ཟེར་བར། དེ་ལོས་འགྲིགས། སྡོམ་པ་ཚང་མར་ཉམས་གསོ་བྱེད་རྒྱུ་ཡོད་པ་རེད། ད་བར་ཉམས་ལེན་མ་བྱས་པ་ཡིན་ན་སྐྱབས་འགྲོའི་སྡོམ་པ་ཉམས་རལ་དུ་སོང་ཡོད་ངེས་ རེད། ད་རེས་བླ་མ་འདི་འདྲའི་རྩ་ཆེན་པོའི་མདུན་ནས་སྐྱབས་སྡོམ་ཞུ་རྒྱུ་བྱུང་ན་གོ་ སྐབས་བཟང་པོ་རེད་ལབ།
ཆུ་ཚོད་དང་པོ་དང་ ཕྱེད་ཀའི་སྟེང་རང་ཉིད་ཀྱི་དབྱིན་སྐད་ཆག་རོ་མ་དེ་སྤྱད་ནས་ཨ་རི་བ་བཅོ་ལྔ་ཙམ་ ཞིག་ལ་ཇི་ལྟར་བྱས་ཏེ་ཁོང་ཁྲོར་ཁ་གཏད་གཅོག་དགོས་ཞེས་པའི་བརྗོད་གཞིའི་སྟེང་ འཆད་ཁྲིད་འདྲ་ཞིག་བྱས། དེ་ཡང་ཁོང་ཁྲོའི་རྒྱུ་དང་དེའི་འབྱུང་ཁུངས། ཁོང་ཁྲོས་རང་ཉིད་ལུས་སེམས་གཉིས་ལ་གནོད་པ། མཚན་སྙན་དང་ལས་ཀ་ལ་གནོད་པ། ནང་མི་དང་གྲོགས་པོ་ལ་གནོད་པ། སྤྱི་ཚོགས་དང་ཁོར་ཡུག་ལ་གནོད་པ། ཟས་མི་འཇུ་བ། གཉིད་ཡག་པོ་ཁུག་མི་ཐུབ། ཚེ་ཇེ་ཐུང་དུ་འགྲོ་བ། ནང་པ་ཞིག་ཡིན་ན་དགེ་རྩ་འཇོམ་པ། འཆམ་འཆམ་དང་ལྗོངས་རྒྱུ་སོགས་ལ་བྲོ་བ་མི་ཐོན་པ་སོགས་ཁོང་ཁྲོའི་ཉེས་དམིགས། དེའི་ལྡོག་ཕྱོགས་ཁོང་ཁྲོ་མེད་པའི་དགེ་མཚན་ལུས་སེམས་སྐྱིད་པ། ཟས་འཇུ་བ་དང་གཉིད་ཡག་པོ་ཁུག་ཐུབ་པ་སོགས་བརྗོད། དབྱིན་སྐད་ཆག་རོ་མ་དེ་རྒྱག་གིན་རྒྱག་གིན་རང་ཉིད་རང་ལ་ངོ་ཚ་རྒྱུའི་ཚབ་ཏུ་ སྤོབས་པ་འདྲ་ཞིག་ཀྱང་འཕེལ་སོང་། མཇུག་ཏུ་ཁོང་ཁྲོ་བེད་སྤྱད་ནས་ཕན་ཐོགས་ཡོད་པའི་ལས་ཀ་ཇི་ལྟར་བྱེད་དགོས་མིན་ སོགས་ལས་བརྩམས་པའི་དྲི་བ་དྲིས་ལན་བྱས།
དེ་ ནས་ཨེ་མེ་ཞེས་པའི་ཨ་རིའི་བུད་མེད་ཅིག་གིས་རླངས་འཁོར་བཏང་སྟེ་ཉིན་འགའི་སྔོན་ ལས་རིམ་བཀོད་སྒྲིག་བྱས་པ་བཞིན་ཁིར་ཁི་ལན་སྒྲི་རི་དྭགས་གླིང་གར་སོང་ནས་གངས་ གཟིག་སྲུང་སྐྱོབ་ཚོགས་པ་ཞིག་གི་སྦྱིན་བདག་ཨ་རི་བ་བརྒྱ་ལྷག་ཅིག་ཚོགས་པ་ཆུང་ ཆུང་བཅུ་རེར་བགོས་འདུག་པ་རེ་རེ་བཞིན་གངས་གཟིག་སྲུང་སྐྱོབ་དེ་ཇི་ཙམ་གལ་ཆེན་ པོ་ཡིན་ལུགས། བོད་པ་ཚོས་ཉིས་སྟོང་བར་དུ་སྟག་དང་གཟིག་གི་པགས་རིགས་བེད་སྤྱོད་བྱེད་བཞིན་ ཡོད་ཀྱང་། གོང་ས་མཆོག་གི་བཀའ་སློབ་ཕེབས་ཐེངས་གཅིག་གིས་བོད་མི་བརྒྱ་ཆ་བརྒྱའམ་གོ་དགུ་ ཙམ་གྱིས་སྟག་གཟིག་གི་པགས་རིགས་བེད་སྤྱོད་མཚམས་འཇོག་བྱས་ཡོད་ལུགས། སྤྱིར་བཏང་བོད་མིས་རི་དྭགས་སེམས་ཅན་དང་འགྲོ་བ་མི་ལ་བདེ་སྡུག་གི་ཚོར་བ་ཡོད་ པ་གཅིག་མཚུངས་སུ་ལྟ་བའི་ནང་པའི་ལྟ་བ་སོགས་ཡང་སྐྱར་དབྱིན་སྐད་ཆག་རོ་མའི་ལམ་ ནས་འགྲེལ་བརྗོད་བྱས། སྐབས་རེར་རང་ཉིད་ཀྱིས་ཧི་མ་ལ་ཡ་བརྒལ་ཏེ་གོམ་བགྲོད་བྱས་ལུགས་སོགས་ཀྱང་ཟས་ལ་ ཚྭ་བརྒྱབ་པ་ལྟར་བརྗོད་པས་འགྲུལ་བཞུད་པ་དག་གི་སྤྲོ་སྣང་ལྡབས་འགྱུར་གྱིས་ འཕེལ། མི་རྒན་ཞིག་གིས་ཁྱེད་ཀྱིས་ཏྰ་ལའི་བླ་མ་མཇལ་སོང་ངམ་ཞེས་དྲིས་པར། ལོས་མཇལ། ཐེངས་ཁ་ཤས་མཇལ་སོང་ལབ་པར། ཁོས་དགའ་བའི་རྣམ་འགྱུར་དང་བཅས་མཐེ་བོང་ཀེར་སོང་། སྐབས་འདིར་ཤ་མདངས་ནག་པོ་ཅན་གྱི་ཕོ་གསར་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེར་སོང་ ཚར་བ་ཞིག་གིས་ཁོ་བོར་ཇ་དང་ཟ་མ་སོགས་བསྐྱལ་ཡོང་བ་དང་མཉམ་དུ་བོད་པའི་རིག་ གཞུང་དང་ནང་ཆོས་སོགས་ཀྱི་དྲི་བ་རྫོགས་མེད་ཅིག་དྲིས་པར་གང་ཤེས་པ་དེ་བརྗོད་ པས། མཐའ་མར་སེམས་འགུལ་ཐེབས་པའི་རྣམ་འགྱུར་ཞིག་བསྟན་ནས་ཁྱེད་ཅག་གི་ཚོགས་པ་ཡོད་ས་ དེར་ངེས་པར་དུ་ཡོང་གི་ཡིན་ཟེར།
དེ་ནས་ནང་ ལ་ལོག་སྟེ་གཟུགས་པོ་ཐེངས་ཤིག་བཀྲུས་རྗེས་གློག་ཀླད་ཀྱི་ཁ་ཕྱེས་ནས་རྒྱ་གར་དུ་ ཡོད་པའི་ཨ་མདོའི་ཞི་མོ་དང་ཧྥ་རན་སི་རུ་ཡོད་པའི་ཕ་ཡུལ་གཅིག་པའི་གྲོགས་པོ་ རྩོམ་པ་པོ་ དང་མཉམ་དུ་ཁ་བརྡ་གློད། གྲོགས་པོ་དེ་རྩེད་མཚར་ལ་དགའ་བས་ངེད་ཅག་མཉམ་འཛོམ་བྱུང་ཐེངས་རེ་རེར་ཁོ་བོར་ རྩེད་མཚར་སྣ་ཚོགས་བྱས་ཏེ་ལན་མེད་པར་གཏོང་གི་རེད། ཁོ་ཕ་ཡུལ་གྱི་བཏགས་པའམ་འདོག་པ་ཟེར་བའི་རྩེད་མཚར་རིག་གཞུང་དེ་ལ་བྱང་ཚད་ཟབ་ མོ་ཞིག་ཡོད་ཅིང་། ཟླ་འགའི་སྔོན་ངེད་གཉིས་ཀྱི་མདོ་སྨད་ཀྱི་རྩེད་མཚར་རིག་གནས་འདི་ཡང་དེང་སྐབས་ ཉམས་རྒུད་དུ་འགྲོ་བཞིན་པའི་སྐོར་ཁ་བརྡ་ཞིག་ཀྱང་བྱས་པ་ཡིན།
མུན་ རུབ་ཅིང་ཕྱི་རོལ་ནས་ཆར་བ་ཐར་ཐོར་ཞིག་མཚམས་མེད་པར་འབབ་བཞིན་འདུག སྒེའུ་ཁུང་ལ་ཕྱི་རོལ་ཏུ་རླངས་འཁོར་རེ་ཟུང་གི་གློག་འོད་འཕྲོས་པ་མཐོང་ཐུབ། སྟོན་མགོ་ཚེས་མ་ཐག་པ་ཡིན་ཡང་ཉལ་ཁང་ནང་ཅུང་གྲང་བས་ཟླ་བ་བརྒྱད་དགུའི་རིང་ལག་ པ་མ་འཆང་བའི་ཚ་གློག་དེའི་ཁ་ཕྱེས། རིམ་བཞིན་ཉལ་ཁང་ནང་དུ་ཚ་དྲོད་ཅིག་འཁྱིལ་ཞིང་སྣང་བ་སྐྱིད་པོ་ཞིག་ངང་གིས་ཆགས། དེ་ནས་བརྙན་འཕྲིན་ལས་རིམ་ཞིག་ལ་བལྟས། ཨ་རིའི་ལྗོངས་རྒྱུ་བ་མི་རྒན་ཞིག་དང་མེཀ་སི་ཀོའི་སྲིད་འཛིན་གཉིས་མཉམ་དུ་རི་ འཛེག་ཀློང་ཉུལ་གྱི་འགྲུལ་བཞུད་ལ་བསྐྱོད་སོང་། དེ་འདྲའི་སྲིད་འཛིན་སྣང་བ་སྐྱིད་པོ་དང་ང་རྒྱལ་ཁེངས་དྲེགས་མེད་པ་ཞིག འབྱུང་རྩིས་ཧ་ཅང་ཐིགས་པོ་ཡོད་པའི་གནའ་བོའི་མར་ཡན་གྱི་རྡོ་བརྩིགས་དམར་མཆོད་ སྟེགས་བུ་དང་ས་དོང་ཆེན་པོ་གཏིང་རིང་པོ་ཅན། ཤིང་ནགས་ཁྲོད་དུ་ཐག་འཁྱུད་སོགས་ལ་འཛེམ་དོགས་གང་ཡང་མེད་པའི་སྲིད་འཛིན་ཞིག མེཀ་སི་ཁོའི་ལོ་རྒྱུས་སྟེང་གི་ལོ་ན་ཆེས་ཆུང་བའི་སྲིད་འཛིན་ཞིག
ཐད་ ཆད་པའི་སྣང་བ་ཞིག་ཤར་བྱུང་། ཡིན་ན་ཡང་མུན་ཁྲོད་དུ་འཆམ་འཆམ་ལ་འགྲོ་འདོད་ཆེན་པོ་ཞིག་ཀྱང་སྐྱེས་སོང་། ཆར་གདུགས་རྙིང་པ་དེ་བཀར་ནས་ལམ་ལ་ཆས། མུན་ཁྲོད་ནས་ཆར་བ་ཤག་ཤག་ཏུ་འབབ། ལམ་འགྲོ་བ་རེ་ཟུང་གིས་མཚན་མོ་བདེ་ལེགས་ཟེར་བཞིན་གོམ་མཚམས་མི་འཇོག་པར་མུན་ ཁྲོད་དུ་ཡལ་འགྲོ། སྲང་བར་ཀུན་ཏུ་གློག་འོད་རབ་རིབ་ཅིག་འཕྲོས་འདུག རང་དབང་མེད་པར་ཁེར་རྐྱང་གི་སྣང་བ་ཞིག་འཁོར། ལོ་འདི་གར་ཁེར་རྐྱང་གི་ཚོར་བ་འདི་ཇེ་ཟབ་ནས་ཇེ་ཟབ་རེད། མི་རྒས་ན་ཡུལ་ཞིག་དགོས་པ་མིན་ནམ། བྱ་རྒས་ན་ཚང་ཞིག་མཁོ་བ་མིན་ནམ། ཉིན་གང་སྐད་ཅོར་ཚ་བའི་བྱེའུ་དེ་དག་གང་ཞིག་ན་འདར་སིག་རྒྱག་བཞིན་ཡོད་དམ། ཁོ་ཚོར་ཁང་པ་མེད། ཁོ་ཚོར་ཉལ་ཁྲི་མེད། སྙིང་རྗེ། ཁོ་ཚོར་ཡང་བདེ་སྡུག་གི་ཚོར་བ་ཡོད།
ནང་ལ་ལོག་དུས་གྲོད་ ཁོག་ལྟོགས་ཀི་འདུག་པས་མ་རྨོས་ལོ་ཏོག་བཞི་ཆུ་ནང་དུ་བཙོས། ལུང་པ་སྐྱོ་བོ་བལ་ཡུལ་ན་ཡོད་པའི་མ་རྨོས་ལོ་ཏོག་དེ་ཟས་ཀྱི་ཐ་མ་ཞིག་ཏུ་བལྟས་ ནས་ཐེངས་གཅིག་ཀྱང་བཟའ་མ་མྱོང་ཡང་། སྟོབས་ལྡན་ཨ་རིའི་རྒྱལ་ཁབ་ཏུ་བསླེབས་རྗེས་ཨ་རི་བ་ཚོར་ལད་མོ་བྱས་ཏེ་མ་རྨོས་ ལོ་ཏོག་བཟའ་རྒྱུར་དགའ་མོས་ཡོད་པ་ཞིག་ཏུ་གྱུར་སོང་། མི་ཟེར་བའི་རང་ཚུགས་མེད་པ་འདི་ཨང་། སྐབས་དེར་གློག་ཀླད་ཀྱི་མར་གཤམ་དེར་ཉིན་གུང་ཐུག་པའི་རྒྱ་མོ་དེས་ཧ་ལོ་ཟེར་བས་ མ་རྨོས་ལོ་ཏོག་བཟའ་བཞིན་མོ་ལ་ཁ་བརྡ་བྱས། མོས་མོའི་དགའ་གྲོགས་ཀྱི་འདྲ་པར་ཞིག་བསྟན་སོང་། མངོན་གསལ་དོད་པོས་ཕོ་གསར་དེ་མོའི་དགའ་གྲོགས་ཡིན་པ་ངོས་ལེན་བྱེད་ཀི་མི་འདུག ཁོ་གཉིས་ལོ་གཅིག་ནང་ཚར་གཅིག་གཉིས་ལས་ཐུག་གི་མེད། ཁོས་ཉིག་ཡོར་ན་སྐྱེ་དངོས་ཕྲ་རབ་ཀྱི་སྐོར་ལ་འབུམ་རམས་པའི་སློབ་སྦྱོང་བྱེད་ ཡི་ཡོད་ཟེར། ང་ཡང་ལོ་དྲུག་གི་སྔོན་ཕོ་གསར་དེར་ཐུག་མྱོང་། ཁོའི་ཨ་མ་ཐེ་ཝན་ནས་ཡིན་ཞིང་ཁོ་རང་ཨ་རིར་སྐྱེས། ཕོ་གསར་ལྟ་བཟོ་དོད་པོ་གཉོམ་ཆུང་ཡ་རབས་ཤིག་ཡོད། བུ་མོ་དེར་ཁྱེད་རང་སྔོན་མ་ལས་ཀྱང་མཛེས་མ་ཞིག་ཆགས་འདུག་པས་འཕྲོད་བསྟེན་གྱི་ ཕྱོགས་གང་ཞིག་ལ་དོ་སྣང་བྱས་པ་ཡིན་ཞེས་དྲིས་པས། ངས་ཟླ་བ་བཞིའི་རིང་ལ་ཟ་མ་ཡག་པོ་དུས་ཚོད་ཏག་ཏག་ལ་བཟའ་རྒྱུར་དོ་སྣང་བྱས་པ་ ཡིན་ཟེར།
པར་སྐྲུན་བྱས་མེད་པའི་རང་ཉིད་ཀྱི་དབྱིན་དེབ་གཉིས་པ་སྐྱེ་འཆིའི་བར་གྱི་བོད་ཅེས་ པ་དེ་སྐྱར་ཀློག་ཅིག་བྱས། གལ་སྲིད་སྦྱིན་བདག་ཅིག་རག་པ་ཡིན་ན་པར་སྐྲུན་བྱེད་འདོད། ཤེས་ལྡནཔ་ཞིག་ཡིན་ཚེ་ནུབ་ཕྱོགས་སྤྱི་ཚོགས་སུ་དཔེ་ཆ་རེ་མ་དཔར་ན་དམངས་ཁྲོད་ དུ་བག་ཆགས་དེ་ཙམ་འཇོག་མི་ཐུབ། གང་ལྟར་ཤོག་སྙིགས་ཀྱི་ཁྲོད་ནས་མི་ཚེ་ཨེ་རྫོགས་བལྟ་ཡ། གཉིད་འབབ་ཀིན་འདུག ཤེས་པ་ལྡབ་ལྡིབ་ཏུ་གྱུར། ད་དུང་ལྟོགས་སྣང་ཞིག་ཤར། འཁྲིས་དེར་ཀུ་ཤུ་འགའ་འདུག་པའི་ཁྲོད་ཀྱི་གཅིག་ཟོས། དེས་ཀྱང་མ་བརྒྱགས། ཡང་སྐྱར་གྲང་གློག་གི་ཁ་ཕྱེས། འགྲིགས་འདུག ཁ་སང་འདི་གར་ཨ་རིའི་ནུབ་བྱང་གི་ནང་ཆོས་སློབ་དཔོན་དག་གི་ཚོགས་འདུ་ཞིག་འཚོགས་ པའི་སྐབས་ཀྱི་ཤིང་ཏོག་ཟོས་འཕྲོ་ཞིག་ལྷགས་འདུག ཚོགས་འདུ་དེའི་སྐོར་གཞན་ཞིག་ཏུ་འབྲི་རྩིས་ཡོད། སང་ཉིན་སྔ་དྲོ་ཡང་གཤིན་པོ་སྐོར་ཞིག་གི་ཆེད་དུ་ཀུན་རིག་འདོན་དགོས། ངས་ནི་ཀུན་རིག་གི་ཕྱག་རྒྱ་གཅིག་ཀྱང་མི་ཤེས། ད་དུང་ལྷ་སྔགས་ཏིང་འཛིན་ཟེར་བ་དེ་ཚོ་ཡང་རབ་རིབ་ཅིག་ལས་མི་འཁྱོངས་པས། གཤིན་པོ་དེ་དག་ལ་ལམ་སྟོན་ཇི་ལྟར་བྱེད། བཟང་སྤྱོད་སྨོན་ལམ་རེ་འདོན་རྒྱུ་ནི་ངའི་སྣང་བར་འགྲོ་ཤོས་ཀྱི་གཤིན་པོའི་ལམ་ སྟོན་བྱེད་སྟངས་ཤིག་ཡིན། བཟང་སྤྱོད་སྨོན་ལམ་གྱིས་མི་འདྲོངས་པ་ཞིག་ཀུན་རིག་བཏོན་ནས་དྲངས་པའི་ལོ་ རྒྱུས་ཐོས་མ་མྱོང་། གསང་སྔགས་ཟབ་ཆོས་ཤིག་རེད། ཡིན་ཡང་རྣལ་འབྱོར་བ་ཚད་ལྡན་ཞིག་མིན་ན་ནུས་པ་དེ་དང་དེ་ཙམ་ཞིག་མ་མིན་ནམ། ཉི་མ་གཅིག་ང་ཡང་གཤིན་པོ་ཟེར་བ་དེ་གྲས་ཀྱི་གཅིག་ཆགས་རྒྱུ་ཉག་གཅིག་རེད། སྐྲག་གི་ཡ། ད་ཉལ་གི་ཡིན། སང་ཉིན་མཇལ་ཡོང་། བདེ་མོ་བྱོས།

0 བསམ་ཚུལ་འདོན་པ།:

Post a Comment