ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday 4 October 2011
མདང་དགོང་ཆུ་ཚོད་བཅུ་གཅིག་ཙམ་ལ་<<དྲག་ཏུ་འབར་བའི་མེ་ལྕེའི་ཀློང་གི་བོད་ཀྱི་གྲྭ་པ་ཁྱུ་ཞིག་>>ཅེས་པའི་ཆེད་བརྗོད་རྩོམ་ཡིག་ཅིག་བྲིས་ཤིང་། ཞུ་དག་ཚར་འགའ་བྱས་རྗེས་བོད་ཀྱི་དུས་བབ་དྲ་བར་བསྐུར། དེ་དུས་ཐང་ཆད་དྲགས་ཤིང་ལུས་སྟོད་ཀྱང་གཟེར་བཞིན་འདུག ཡིན་ཡང་རྩོམ་ཡིག་དེ་བྲིས་ཚར་རྗེས་རྒྱབ་ཀྱི་ཁུར་བོ་ལྕི་མོ་ཞིག་སར་ཕབས་པ་དང་འདྲ་བར་སེམས་པ་ལྷོད་ཤིག་ཤིག་ཅིག་ཆགས་སོང་བས། གཟུགས་པོ་ཐེངས་ཤིག་བཀྲུས་རྗེས་མར་ཉལ་བ་ཡིན།
ཞོགས་པར་ཆུ་ཚོད་དགུ་པའི་སྟེང་བར་དུ་ཉལ་བསྡད་ཅིང་། མདང་དགོང་གི་རྨི་ལམ་རབ་རིབ་ཅིག་དྲན་པ་འདི་ལྟ་སྟེ། རང་ཉིད་དང་ཨ་མ་གཉིས་གྲོང་གསེབ་ཅིག་ཏུ་ཡོད་འདུག་ལ། ནུབ་ཁའི་ཉི་འོད་ཅིག་གི་ཀློང་ནས་གསེར་མདོག་གི་སྟོན་ལོ་བརྒྱ་ཕྲག་མང་པོ་ཞིག་ཆར་བ་བཞིན་བབས་ཡོང་བས། ལམ་སེང་པར་ཆས་ཆེན་པོ་ཞིག་བླངས་ཏེ་སྣང་ཚུལ་དེར་པར་རྒྱག་བཞིན་འདུག
གསང་སྤྱོད་ཀྱི་སྒེའུ་ཁུང་ནས་ཕྱི་རོལ་ཏུ་བལྟས་པ་ན། རྒྱང་རིང་ནུབ་ཕྱོགས་ཀྱི་མཁའ་མཐར་ཆུ་སྤྲིན་ཕོན་པོ་དུ་མ་ཞིག་ལང་ལོང་དུ་འཁྲིག་བཞིན་ཡོད་ཅིང་། ད་དུང་མདང་དགོང་མཚན་དཀྱིལ་དུ་བབས་པའི་ཆར་བ་དེའི་འཕྲོ་མ་ཞིག་ད་དུང་འབབ་རྩིས་ཡོད་པ་བཞིན་སྣང་།

ཁ་ཏོན་འདོན་ཞོར་གློག་ཀླད་ཀྱི་སྒོ་ཕྱེས་པ་ན་དུས་བབ་སྟེང་ཁོ་བོའི་རྩོམ་ཡིག་དེ་བཞག་འདུག་ཅིང་། ཆུ་ཚོད་བརྒྱད་ཙམ་གྱི་རྡེག་ཐེངས་བཞི་བརྒྱ་བརྒལ་བར་བསླེབས་འདུག་ལ། ཀློག་མཁན་སྐོར་ཞིག་གིས་རྩོམ་ཡིག་དེར་གདེང་འཇོག་བྱེད་བཞིན་ཡོད་པའི་མཆན་འགའ་ཡང་བྲིས་འདུག རང་དང་ཤ་རུས་དང་ཆོས་རིག་གཅིག་པའི་བོད་ཀྱི་སེར་མོ་བའི་སྡེ་གང་ཞིག་གིས། ཤིན་ཏུ་གཅེས་པའི་སྒྱུ་ལུས་འདི་དཔལ་འབར་དུ་སྒྲོན་དུས་རྩོམ་ཡིག་དེ་འདྲ་ཞིག་འབྲི་དགོས་པ་ནི་ཁོ་བོ་ལྟ་བུ་ཚེ་ཕྱེད་དམ་ཚེ་མཇུག་བར་དུ་སྨྱུ་གུ་བཟུང་ནས་བསྡད་པ་ཞིག་ལ་མཚོན་ན་འདོར་དུ་མེད་པའི་འོས་འགན་ཞིག་ལོས་ཡིན།
དེ་ནས་དཔལ་ས་སྐྱ་གོང་མ་མཆོག་གི་བཀས་བསྐུལ་བཞིན་མགོ་ལོག་ཏུ་བཞུགས་པའི་རྫོགས་པ་ཆེན་པོའི་སློབ་དཔོན་གྲགས་ཅན་ཁང་གསར་བསྟན་དབང་ཕྱུག་ཚང་ལ་ཞབས་བརྟན་གསོལ་འདེབས་ཤོ་ལོ་ཀ་གསུམ་ཅན་ཞིག་བྲིས་རྗེས་ཤོད་དུ་སོང་ནས་ཨ་རི་བ་ལོ་གཞོན་ཞིག་གིས་བསྒུགས་འདུག་པ་དང་མཉམ་དུ་དྲི་བ་དྲི་ལན་སྐོར་ཞིག་བྱས། ཁོའི་གྲོགས་པོ་ཞིག་གི་ཉིན་འགའི་སྔོན་འདི་དག་བསླེབས་པ་དེས་སྐུལ་མ་བྱས་པ་བཞིན་ཁོ་རང་དེ་རིང་ཁོ་བོར་ཐུག་ཏུ་ཡོང་ལུགས་དང་། དྲི་བ་གཙོ་བོ་ནི་ཇི་ལྟར་བྱམས་པ་དང་སྙིང་རྗེ་རྒྱུད་ལ་བསྐྱེད་ཐབས་བྱེད་དགོས་པའི་སྐོར་རེད།
ངས་ཁོ་ལ་ནང་པ་ཚོས་བྱམས་སྙིང་རྗེ་ལ་དེ་ཙམ་གལ་ཆེར་རྩི་དགོས་དོན་ནི། དང་པོ་དེ་ལ་ནང་པ་ཚོས་སེམས་ཅན་ཐམས་ཅད་ལ་རང་གི་ཕ་མར་མ་གྱུར་པ་ཞིག་མེད་པས། སེམས་ཅན་ཡོངས་ལ་བྱམས་པ་དང་སྙིང་རྗེ་བསྒོམ་དགོས་པ་དང་། གཉིས་པ་ནི་མི་དང་དུད་འགྲོ་སོགས་སེམས་ཅན་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཞིག་ཡིན་པས། ཁོ་ཚོར་བྱམས་དང་སྙིང་རྗེ་བསྐྱེད་དགོས་པ་ནི་མི་ཚེའི་འོས་འགན་ཆེན་པོ་ཞིག་རེད། དེ་བཞིན་ཨ་རི་དང་ཨ་རབ་སོགས་སྐྱེ་བ་སྔ་མ་ཁས་མི་ལེན་པའི་རྒྱལ་ཁབ་དག་ཏུ་ཡང་བྱིས་པ་མང་པོས་སྐྱེ་བ་སྔ་མ་དྲན་བཞིན་ཡོད་པ་འདིས། སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ནང་པའི་ལྟ་གྲུབ་འདིའི་རྒྱབ་རྟེན་ཇེ་གསལ་དུ་འགྲོ་བཞིན་སོགས་བརྗོད་པ་ཡིན།
དེ་ནས་ཞོགས་ཇ་ཞིག་འཐུངས་ཚར་ཙམ་ལ་ངོ་ཤེས་ཨ་རིའི་བུད་མེད་འཕུར་མཉེད་མཁན་ཞིག་ཡོད་པ་དེ་བསླེབས་སོང་བས། མོའི་རླངས་འཁོར་ལ་བསྡད་དེ་མོའི་འཕུར་ཁང་ཆུང་ཆུང་དེར་སོང་བ་ཡིན། ཕྱི་རོལ་ཏུ་གནམ་ངོ་རུབ་ཅིང་རླུང་གྲང་མོ་ཞིག་ཀྱང་སྟོན་མགོའི་དུས་ཚིགས་དང་ལྡོག་ཕྱོགས་སུ་ལྡང་བཞིན་འདུག
བུད་མེད་དེས་ཆུ་ཚོད་གཅིག་ཙམ་ལ་ལུས་པོའི་སྤྱི་གཙུག་ནས་རྐང་མཐིལ་བར་དུ་སྣུམ་བྱུགས་ཏེ་འཕུར་མཉེད་བྱས་པས་རྩ་དང་རྒྱུས་པ་མང་པོ་ཞིག་ལྷོད་ཤིག་གེར་གྱུར། འཕུར་མཉེད་བྱེད་རིང་མོ་རང་བྱིས་པ་ཆུང་ཆུང་ཡིན་དུས་ཀྱི་གཏམ་རྒྱུད་སྙན་ལ་དགོད་བྲོ་བ་རེ་ཟུང་བརྗོད་སོང་།
དེ་ནས་ངེད་གཉིས་སྒོར་བུད་དེ་ཐེ་ལན་གྱི་ཟ་ཁང་ཞིག་ཏུ་སོང་ནས་ཐུག་པ་ཞིག་མངགས། ཅུང་ཙམ་འགོར་རྗེས་ཞབས་ཞུ་མ་དེས་སྡེར་མ་ཞིག་གི་ནང་དུ་ཤ་ཁུའི་ཕོར་བ་ཆུང་ཆུང་ཞིག་དང་སྔོ་ཚལ་ཏོག་ཙམ་སྟེང་དུ་བ་དམ་བྱུགས་ཡོད་པ་ཞིག་ཁྱེར་ཡོང་། དེས་གྲོད་གྲོག་དེ་ཙམ་མ་བརྒྱགས་ཀྱང་ཨ་སྒོར་བཅོ་བརྒྱད་ཅོག་ཙེའི་སྟེང་བཞག་སྟེ་ལམ་ལ་ཆས་ནས་ཟས་རིགས་ལྷད་མེད་ཚོང་ཁང་ཞིག་ཏུ་བསྐྱོད་དེ་སྔོ་ཚལ་ཏོག་ཙམ་ཞིག་ཉོས།
ནང་ལ་བསླེབས་ནས་སྔོ་ཚལ་མེ་ཏོག་གི་གང་བུའི་དབྱིབས་ཅན་ཞིག་ཆུ་ལ་བཙོ་བའི་སྐབས་སུ། གནམ་ངོའི་སྤྲིན་པ་དག་རང་སར་གྱེས་ཏེ་ཉི་འོད་སེར་ཐིང་ངེ་བ་ཞིག་ས་གཞིར་འཕྲོས་སོང་བས། ཐབ་ཚང་གི་ལྟག་སྒོ་ཕྱེས་ཏེ་ངོ་གདོང་གནམ་ལ་གཏད་ཅིང་མིག་གཉིས་བཙུམས་ནས་དབུགས་འབྱིན་རྔུབ་རིང་འཐེན་རེ་བྱེད་བཞིན་ཏོག་ཙམ་བསྡད། དེ་ནས་དབྱིན་ཡིག་ཏུ་ཡོད་པའི་<<ཆོས་ཀྱི་ཚིགས་སུ་བཅད་པའི་>>ཤོ་ལོ་ཀ་རེ་ཟུང་དང་ཤེས་རབ་སྙིང་པོ་སོགས་སྟོན་པའི་གསུང་ཕྱོགས་བསྒྲིགས་ཀྱི་དེབ་ཆུང་འཇར་པན་གྱི་རི་མོ་རྙིང་བ་བར་འཇུག་བྱས་ཡོད་པ་ཞིག་བཀླགས་ནས་ཡུད་ཙམ་བསྡད། དེའི་ཁྲོད་ཀྱི། འཆི་བདག་རྟག་ཏུ་ཉེ་བར་རྒྱུ། །ཁྱེད་དང་མཉམ་དུ་སུ་ཞིག་འགྲོ །སོགས་སེམས་ཀྱི་གཏིང་རུམ་ཞིག་ལ་ཟུག ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཐང་ཏོག་ཙམ་ཆད་འདུག་པས་ཉལ་ཁང་དུ་ཡོང་ནས་གཉིད་ཐུན་གཅིག་ལོག་པའི་དུས་དེར་ཁ་པར་གྱི་སྒྲ་སིང་སིང་དུ་གྲགས་སོང་། དེ་ནི་ཨ་རིའི་ལྷོ་ཤར་གྱི་ས་ཆ་ཞིག་ན་ཡོད་པའི་གྲོགས་པོ་ཞིག་གི་ཁ་པར་རེད། ཁོང་གི་ཉིན་འདི་དག་གི་རིང་བྱུང་བའི་གནས་ཚུལ་ཡིད་སྐྱོ་བ་འགའ་བརྗོད་སོང་། དེའི་རྗེས་དེ་ཙམ་ལ་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་ཅིག་གི་ཁ་པར་ཡོང་དུས་སང་ཉིན་ཀླུ་སྨྱོན་རྩོམ་རིག་བྱ་དགའི་སྐོར་བཅར་འདྲི་བྱེད་ཀི་ཡིན་ཟེར།
ཆུ་ཚོད་ལྔ་པ་ཙམ་ལ་བརྙན་འཕྲིན་ལས་དེ་རིང་གི་ནུབ་ཕྱོགས་འཛམ་གླིང་གི་གསར་འགྱུར་ཆེ་ཤོས་སུ་གྱུར་པ། ས་ཆ་འདི་ནས་ཡིན་པའི་བུ་མོ་ཨ་མན་སྒྲ་ཞེས་པ་རང་ལོ་ཉེར་བཞི་ཅན་དེར་ལོ་བཞིའི་གོང་ཨི་ཀྲ་ལི་མཐོ་སློབ་ཅིག་ཏུ་རང་གི་ཤག་རོགས་བུ་མོ་ཞིག་ཆགས་སྤྱོད་དང་འབྲེལ་བའི་བྱ་སྤྱོད་ཅིག་གི་ཁྲོད་དམར་གསོད་བཏང་བའི་ཉེས་འཛུག་འོག་འཛིན་བཟུང་བྱས་ཤིང་། དེ་རྗེས་ཁོ་མོར་ལོ་ངོ་ཉེར་དྲུག་ལྷག་གི་རིང་བཙོན་འཇུག་ཉེས་ཆད་བཀལ་བ་དང་། ཡང་དང་སྐྱར་དུ་རྟོག་ཞིབ་དང་ཁྲིམས་ཞིབ་བྱས་པའི་མཐའ་མའི་འབྲས་བུར། མདང་དགོང་ཁོ་མོར་ནག་ཉེས་མེད་པའི་ཁྱབ་བསྒྲགས་དང་འབྲེལ། ཨེ་ཀྲི་ལི་ནས་དབྱིན་ལན་དང་། དེ་ནས་ཤར་རྒྱག་ས་གནས་འདིར་ཕྱིར་ལོག་བྱེད་བཞིན་ཡོད་པའི་སྐོར་གྱི་གསར་འགྱུར་ཚ་བོ་དག་སྟོན་བཞིན་འདུག་ཅིང་། གནམ་ཐང་གི་ཁང་པ་དམིགས་བསལ་བ་ཞིག་ཏུ་བརྙན་འཕྲིན་དང་ཚགས་པར་གྱི་གསར་འགོད་པ་མང་པོ་ཞིག་གིས་བརྙན་ལེན་དང་པར་ཆས་སོགས་བཙུགས་ནས་ཨ་མན་སྒྲ་ལ་བསྒུགས་འདུག ཅུང་མ་འགོར་བར་མོ་དང་མོའི་ནང་མི་དག་གནམ་གྲུ་ལས་སར་བབས་ཏེ་ཁང་མིག་དེའི་ནང་དུ་བསླེབས་ནས་གསར་འགོད་གསལ་བསྒྲགས་བྱས་སོང་། ཐོག་མར་མོའི་ཁྲིམས་རྩོད་པ་དང་ཕ་མས་མོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ཐུང་ངུ་དང་། དེ་ནས་ཨ་མན་སྒྲ་མོ་རང་གིས་མིག་ཆུ་བཞུར་བཞིན་ཐོག་མར་ཨེ་ཀྲ་ལི་ནས་ལམ་སེང་ཡོང་བས་དབྱིན་སྐད་རྒྱག་རྒྱུ་ཏོག་ཙམ་དཀའ་ལས་འདུག་ཅེས་རྩེད་མཚར་དང་སྦྲགས། འདི་གའི་གནམ་ཐང་ལ་འབྱོར་དུས་གཞི་ནས་འདི་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན་པ་གཞི་ནས་ཤེས་པ་དང་། ད་ལྟ་བར་དུ་མོ་དང་མོའི་ནང་མིར་རྒྱབ་སྐྱོར་བྱེད་མཁན་དག་ལ་ཐུགས་རྗེ་ཆེ་ཞུ་བ་དང་། མོ་རང་མོའི་ནང་མི་དང་མཉམ་དུ་འདུག་འདོད་ཆེན་པོ་ཡོད་པས་དེ་འགྲོ་རྒྱུ་ཡིན། ཁོ་མོར་རྒྱབ་སྐྱོར་གྱི་ཚུལ་དུ་འདིར་ཡོང་བ་དག་ལ་ཐུགས་རྗེ་ཆེ་ཞེས་བརྗོད་རྗེས་ཕྱི་རོལ་ཏུ་གྲ་སྒྲིག་བྱས་ཡོད་པའི་རླངས་འཁོར་དམིགས་བསལ་ཞིག་ལ་བསྡད་དེ་མོའི་ཕ་མའི་ཁང་པའི་ཕྱོགས་སུ་བསྐྱོད་སོང་ལ། གསར་འགྱུར་སྙན་སྒྲོན་པ་དག་གིས་ད་དུང་ཆུ་ཚོད་དང་ཆུ་ཚོད་སྦྲེལ་ཏེ་མོའི་སྐོར་གྱི་གསར་འགྱུར་དག་སྙན་སྒྲོན་བྱེད་བཞིན་འདུག གང་ལྟར་འདས་པའི་ལོ་བཞིའི་རིང་ཨ་མན་སྒྲའི་སྐོར་ལ་རྩོམ་པ་པོ་དག་གིས་དེབ་བརྩམས་ཤིང་། གློག་བརྙན་སྡེ་ཁག་གིས་མོའི་གྱོད་དོན་སྐོར་གློག་བརྙན་ཡང་བཟོས་ཡོད། ཁོ་བོར་འདས་པའི་ལོ་བཞིའི་རིང་མོས་བག་ཆགས་ཤིག་བཞག་པ་ནི། ཁྲིམས་ཞིབ་དུས་ཚོད་སོགས་མོ་རང་མི་རྣམས་ཀྱི་མཐོང་སར་བརྙན་འཕྲིན་གྱི་ཤེལ་སྒོ་བརྒྱུད་ནས་འགྲོ་དུས་སེམས་པ་སྡུག་པའི་རྣམ་འགྱུར་སྟོན་རྒྱུའིི་ཚབ་ཏུ་ཡིད་དབང་འཕྲོག་པའི་འཛུམ་མདངས་ཤིག་སྟོན་བཞིན་པ་དེའོ།།
མུན་རུབ་སོང་། ཚོགས་པའི་མི་སྐོར་ཞིག་མཉམ་དུ་འདུས་ནས་མགོན་དཀར་གྱི་སྒྲུབ་མཆོད་ཚུགས་ཤིང་རྔ་རྡུང་སྦུབ་དཀྲོལ་བྱེད་བཞིན་འདུག ཨ་རི་ནས་རང་གི་ལག་པ་གཉིས་འགུལ་བ་ལས་ལྷག་པའི་ཨ་སྒོར་གྱི་དངོས་གྲུབ་ཅིག་མགོན་དཀར་ལག་པ་དྲུག་ཅན་དེས་ཀྱང་སྩོལ་ཁག་པོ་ཞིག་རེད། ཕྱི་རོལ་གྱི་མུན་ཁྲོད་དུ་གནམ་གྲུའི་འུར་སྒྲ་ཞིག་གྲག་ཡོང་། ཉིན་རེ་བཞིན་གནམ་གྲུ་བརྒྱ་ཕྲག་བརྒལ་བ་ཞིག་འཛམ་གླིང་གི་ས་ཕྱོགས་གང་ས་ནས་འདི་གའི་གནམ་ཐང་དུ་འཕུར་ཡོང་ཞིང་། གནམ་གྲུའི་འགྲུལ་བཞུད་ནི་ང་ལ་མཚོན་ན་སྤྲོ་སྣང་སྐྱེ་དགོས་པ་ཞིག་ཅི་ཡང་མིན། ད་ཉལ་རན་པ་མིན་ནམ། དགོང་ཟས་ཅི་ཡང་ཟོས་མེད་པར་ཉལ་ན་ཡང་གཉིད་ཡོང་རྒྱུ་མ་རེད། སྟོན་མཇུག་གི་ཚོར་བ་དག་བསྡེབས་ནས་སྙན་ངག་ཅིག་འབྲི་དགོས་པ་མིན་ནམ།
བསིལ་རླུང་ཁྲོད་དུ་ལོ་མ་སེར་པོ་འཕུར། །
སྟོན་ཆར་ཟིམ་བུས་སྐྱོ་སྣང་ལྷག་པར་འཕེལ། །
ནམ་མཁའ་གཡའ་དག་སྐར་ཚོགས་ཁྲ་ཆིལ་ཆིལ། །
སྙན་ངག་པ་དག་མཚོ་འགྲམ་ཆང་གིས་བཟི། །
ཉིན་གུང་གྲང་གློག་ནང་ཆོ་མེན་སྡེར་མ་ཆེན་པོ་ཞིག་གི་གང་བཞག་ཡོད་པ་མཐོང་བས། ཤོད་དུ་སོང་ནས་དེ་ཅིག་བཟའ་དགོས། སང་ཉིན་སློབ་གྲྭ་ཆེན་མོ་ཞིག་ཏུ་སོང་ནས་བོད་ཀྱི་བྱིས་པའི་སྐོར་ངོ་སྤྲོད་གཏམ་བཤད་ཅིག་བྱེད་དགོས་པས། དེ་ལ་དམིགས་པའི་གྲ་སྒྲིག་ཅིག་ཀྱང་བྱེད་དགོས། ཉི་མ་འདི་ཚོར་སྤྲོ་སྣང་ཅི་ཡང་མེད་པའི་བྲེལ་བ་ཞིག་ཁོལ་འདུག

0 བསམ་ཚུལ་འདོན་པ།:

Post a Comment