ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday 3 November 2011
dscn4891
མདང་དགོང་རྨི་ལམ་ཟ་ཟི་མང་ ཡང་འབྲི་ཟེར་དུས་གཅིག་ཀྱང་མི་དྲན་གི ཆུ་ཚོད་བརྒྱད་དང་ཕྱེད་ཀར་མལ་ལས་ལངས་དུས་ཉི་འོད་སེར་པོ་ཞིག་མལ་ཁང་དུ་འཁྱིལ་ འདུག་ཀྱང་དྲོད་ཅུང་ཟད་ཙམ་ཡང་མི་འདུག གདོང་པ་བཀྲུས་ནས་ཞོགས་པའི་ཞལ་འདོན་ཕྲན་བུ་ཞིག་བཏོན་ཞིང་། དེ་ནས་བླ་མ་ཚང་གི་གསང་ཡུམ་སོའི་སྨན་ཁང་དུ་ཕེབས་པར་དམིགས་ཏེ་ཚོགས་ཁང་དུ་སོང་ ནས་སྒྲོལ་ཆོག་ཅིག་བཏོན།
ནང་ལ་ལོག་ནས་ཁ་ཏོན་འདོན་ ཞོར་གློག་ཀླད་ཀྱི་ཁ་ཕྱེས་ཏེ་གསར་འགྱུར་དག་ལ་བལྟས། ཁམས་རྟའུའི་བཙུན་དགོན་ཞིག་ནས་བཙུམ་མ་དཔལ་ལྡན་ཆོས་མཚོ་ཟེར་བ་ཞིག་གིས་རང་ལུས་ མེ་རུ་སྦར་ནས་ཅུང་མ་འགོར་བར་གྲོངས་འདུག་པའི་གསར་འགྱུར་འདྲ་པར་དང་བཅས་པ་ཞིག་ འདུག སེམས་པ་སྐྱོ་ཡང་བྱ་ཐབས་བྲལ། མལ་ཁང་ག་ཉི་འོད་ཇེ་དྲོར་སོང་བའི་ཀློང་ནས་མིག་གཉིས་བཙུམས་ཏེ་སྤྱན་རས་གཟིགས་ ལ་གསོལ་བ་དྲག་ཏུ་བཏབ་ཅིང་། དེ་ཡང་སྤྱོད་འཇུག་སྨོན་ལམ་གྱི་ཚིག་རེ་རེ་བཞིན་དམིགས་རྣམ་རེ་སྐྱོང་ཁུལ་བྱས་ པས། གཞན་ལ་ཕན་ཐོགས་ག་ཚོད་ཅིག་བྱུང་ཡོད་མི་ཤེས་ཀྱང་རང་སེམས་ལ་ཞི་བདེའི་སྣང་བ་ དཔག་མེད་ཅིག་སྐྱེས་བྱུང་། དེ་ཡང་བདག་འཛིན་འདི་ཅི་ཙམ་མགོ་འཕངས་དམའ་རུ་སོང་བ་དེ་ཙམ་གྱིས་སེམས་ལ་ཞི་ བདེའི་སྣང་བ་ཞིག་བསླེབ་ཡོང་བ་དེ་མྱོང་བས་གྲུབ་ཅིང་། བླ་མ་སྤྱན་རས་གཟིགས་ཀྱིས་ཀྱང་དེ་སྐད་ཡང་ཡང་གསུངས།

ངོ་དེབ་སྟེང་གྲོགས་པོ་ ཞིག་གིས་ཁོ་བོར་གཏེར་སྟོན་ཚང་ཟེར་བའི་ལན་དུ། གཏེར་དང་མཉམ་དུ་ལྕགས་ཤིག་སྦ། །ཁབ་ལེན་བཟུང་ནས་འཚོལ་དུ་འགྲོ། ཆོས་དང་ཚན་རིག་མ་སྦྲེལ་ན། །སྙིགས་མའི་གཏེར་སྟོན་ཨོ་བརྒྱལ་ཆེ། །རིག་མའི་རྟེན་འབྲེལ་མི་འགྲིག་གི ཤོག་སེར་བརྡ་ཡིག་མི་འཆར་གི །སྟོང་ལོ་གསར་པའི་གཏེར་སྟོན་གྱི། །མཛད་པ་འཕྲིན་ལས་མི་འཕེལ་གི །ཞེས་བྲིས། ཡང་དྲ་གྲོགས་གཞན་ཞིག་གིས་ཇོ་ནང་བའི་གཞན་སྟོང་དང་རྙིང་མ་བའི་གཞན་སྟོང་གཉིས་ ལ་ཁྱད་པར་གང་ཡོད་དྲིས་པར། གཞན་སྟོང་གཉིས་ཡོད་མ་གཏོགས་མི་ཤེས་ཞེས་ལན་བཏབ་ཅིང་། ཀུན་མཁྱེན་ཀློང་ཆེན་པའི་ཆོས་དབྱིངས་མཛོད་ཀྱི་ཤོ་ལོ་ཀ་གཉིས་ཀྱིས་ཁ་གཅོད་ཐབས་ བྱས་ཤིང་། ཁོས། ལགས་སོ། རིན་པོ་ཆེས་དཔེ་ཆ་ངོ་སྤྲོད་གནང་བར་ཐུགས་རྗེ། ངེས་པར་དུས་ཚོད་བཙལ་ནས་མཇལ་ངེས་ལགས། ང་དགེ་ལུགས་རེད་གསུངས་ན། འུ་གཉིས་ཀས་གྲྭ་ས་ནས་དཔེ་ཆར་བལྟས་པ་འདྲ་ནི་རེད། ཇོ་ནང་རེད་ཟེར་ནའང་རི་ཆོས་ངེས་དོན་རྒྱ་མཚོ་ལ་ཅུང་ཐོས་པ་བྱས། རྙིང་མ་རེད་ཟེར་ན་གོང་ས་མཆོག་གི་མདུན་ནས་སེམས་ཉིད་ངལ་བསོ་སོགས་ཀྱི་བཤད་ ཁྲིད་ཐོབ། གང་བྱས་ཀྱང་ཙི་ཙི་སྐམ་པོ་བཞིན་འགྲིག་འགྲོ་བ་འདྲ། ཞེས་བྲིས་འདུག
ཆུ་ཚོད་དང་པོར་ཚོགས་ཁང་ གི་ཕྱི་སྒོའི་ཉི་འོད་ཕོག་ས་དེ་ནས་ཚེ་འཛོམས་ལ་བོད་ཡིག་དང་བོད་སྐད་ཆུ་ཚོད་ གཉིས་པ་བར་དུ་བསླབས། དེ་ནས་ལྕམ་ཝེན་སྒྲེའི་རླངས་འཁོར་ལ་བསྡད་ནས་ཀུ་ཤུ་གློག་ཀླད་ཚོང་ཁང་ཆེན་པོ་ ཞིག་ཡོད་པར་སོང་སྟེ་གློག་ཀླད་དཔེ་གསར་སྤྱོད་འཇུག་སྨོན་ལམ་གྱི་སྲབ་མཐུག་ལས་ མེད་པ་ཞིག་ལ་ཨ་སྒོར་གཅིག་སྟོང་ལྔ་བརྒྱ་སྤྲད་དེ་ཉོས། དེའི་རིན་གོང་ངོ་མ་ནི་ཨ་སྒོར་གཅིག་སྟོང་སུམ་བརྒྱ་དང་དེ་ཉོ་ཁྲལ་ལ་བརྒྱ་དང་ ལྔ་བཅུ། ལོ་གསུམ་གྱི་སྲུང་སྐྱོབ་གན་རྒྱ་ལ་སྒོར་ཉིས་བརྒྱ་རེད། དེ་ཡང་ཁོ་བོར་དགེ་རྒན་གྱི་མིང་ཞིག་ཡོད་པས་སྒོར་བརྒྱ་དང་བཅུ་ཁ་ཞིག་བཅག་སོང་། ཚོང་ཁང་འདིས་ཤེས་ཡོན་གོང་མཐོར་དམིགས་ཏེ་དགེ་རྒན་དང་སློབ་མར་གོང་ཅུང་ཟད་ གཅོག་གི་ཡོད་འདུག སྒོར་གཅིག་སྟོང་ལྔ་བརྒྱ་ནི་འདི་གར་ལས་ཀ་བྱེད་མཁན་དཀྱུས་མ་ཞིག་གི་ཟླ་ཕྱེད་ གླ་ཆ་ཡིན་ཡང་། ཁོ་བོར་མཚོན་ན་ཟླ་བ་གསུམ་གྱི་གླ་ཆའི་ཡོང་འབབ་ཡིན། འོན་ཀྱང་གློག་ཀླད་རྙིང་པ་དེ་བཀའ་དྲིན་ཆེན་པོ་ཡིན་ཡང་ཡར་མར་འགྲོ་དུས་ཆེ་ཐག་ ཆོད་པ་དང་ལོ་རྒས་པས་དེ་ཙམ་མགྱོགས་པོར་མི་ཡོང་བ་སོགས་ཁག་འདོག་ས་ཅུང་ཟད་མང་ པོ་ཞིག་ཡོད་ལ། དེང་སང་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ཅིག་མེད་ན་མི་གྲལ་དུ་ཡང་དེ་ཙམ་ཚུད་ཁག་ པོ་འདྲ་ཞིག་ཀྱང་འདུག་པས་དེ་རིང་སེར་སྣའི་མདུད་པ་བཀྲོལ་ཏེ་གློག་ཀླད་དེ་ཉོས་ པ་ཡིན།
ཉིན་གུང་ཟ་མ་མ་ཟོས་པས་ གྲོད་ཁོག་ལྟོགས་ཏེ་ཤར་རྒྱག་ཁོ་རི་ཡའི་ཟ་ཁང་དུ་བརྒྱུགས་པའི་ལམ་བར་ནས་མདུན་ གྱི་རླངས་འཁོར་ཞིག་གིས་རྒྱབ་ལ་མ་བལྟས་པར་བར་དུ་འཛུལ་ཡོང་བས་ལྕམ་ཝེན་སྒྲེ་ སྐད་ཤོར། ཟ་ཁང་ཞབས་ཞུ་བ་ཕོ་གསར་ལྐུགས་འཐོམ་འདྲ་བོ་ཞིག་འདུག་པས་ཙོང་གི་བག་ལེབ་ནང་དུ་ མཚོ་ཟས་རིགས་མེད་པ་ཞིག་ཁྱེར་ཤོག་ལབ་པར། དེ་ལས་ལྡོག་སྟེ་བག་ལེབ་ཙོང་རྐང་གཅིག་ཀྱང་མེད་པར་མཚོ་ཟས་ཡོད་པ་ཞིག་ཁྱེར་ནས་ བསླེབས་སོང་བས། དེ་ཕྱེད་ཀ་ཟོས་རྗེས་ཁོ་ལ་གསལ་བཤད་བྱས་ནས་དེའི་རིན་འབབ་སྤྲོད་མ་དགོས་པ་ཞིག་ བྱུང་།
དྲ་ངོས་སུ་ཧྥ་རན་སིར་བོད་ པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་སྲིད་འཛིན་ཧུའུ་གཅིན་འཐུང་ལ་ངོ་རྒོལ་ བྱེད་པའི་རྦ་རླབས་འཕྱུར་བཞིན་པའི་གསར་འགྱུར་ཞིག་འདུག དྲ་ལམ་ནས་སྦེ་སྦེ་སི་བརྙན་འཕྲིན་ལས་ཁུངས་ཀྱིས་བཟོས་པའི་སྟོན་པ་སངས་རྒྱས་ ཀྱི་སྐུ་ཚེའི་རྣམ་ཐར་ཞིག་ལ་བལྟས་ཤིང་། གློག་བརྙན་དེའི་བར་དུ་ཕྱི་གླིང་པའི་ནང་ཆོས་མཁས་པ་དག་གིས་སྟོན་པའི་ཨ་མ་ཕྲུ་ གུ་སྐྱེས་པའི་ན་ཟུག་གིས་གྲོངས་པ་དང་། སྟོན་པ་ཉིད་ཀྱང་མཐའ་མར་ཟས་དུག་གིས་གཤེགས་པ་ཟེར་ནས་འགྲེལ་བཤད་བརྒྱབ་སོང་བས། སྔོན་ཆད་རང་ཉིད་ཀྱིས་ཡུམ་སྒྱུ་མ་ལྷ་མཛེས་རྒྱལ་བུ་གཞོན་ནུ་འཁྲུངས་པའི་རྐྱེན་ གྱིས་མངལ་ཁྲག་མང་པོ་ཤོར་ནས་གྲོངས་པ་ཞིག་རེད་ཅེས་བརྗོད་མྱོང་བ་དེ་ཡང་རང་ཉིད་ ཁོ་ནའི་ལྟ་ཚུལ་ཞིག་རེད་མི་འདུག་ཨང་བསམས་པ་ཞིག་ཀྱང་བྱུང་། http://www.youtube.com/watch?v=zFbjDcz_CbU&feature=related
དེ་རིང་བོད་ཚེས་བརྒྱད་ ཡིན་པས་ཚོགས་མི་སྐོར་ཞིག་འདུས་ནས་མགོན་དཀར་གྱི་སྒྲུབ་པ་ཚུགས་སོང་། ཁོ་བོས་དེ་རིང་གི་ཉིན་ཐོ་འབྲི་དགོས་པས་གློག་ཀླད་རྙིང་པའི་ཁ་གཏད་དུ་བསྡད་དེ་ ཉིན་ཐོ་འདི་བྲིས། རྒྱ་མོ་སོ་ནི་ཡ་དང་བོད་མོ་བསྟན་འཛིན་ཟླ་སྒྲོན་གཉིས་ཀྱིས་སྐབས་སྐབས་སུ་གནམ་ ཀླད་བརྒྱུད་དེ་སྐད་ཆ་རེ་དྲིས་པར་ཡང་ལན་རེ་བཏབ། ཉི་མ་གསུམ་ལ་གནམ་གཤིས་གྲང་མོ་ཆགས་ཏེ་གཟུགས་པོ་མ་བཀྲུས་པས་ད་ནི་སྐྲ་གསེང་དུ་ ཟ་འཕྲུག་ལངས་པ་དང་ཤེས་པ་ཉོབ་ཏོ་ཆགས་པ་སོགས་མི་གཙང་བའི་སྒྱུ་ལུས་ཀྱི་རང་མཚང་ ངན་པ་དག་གཅིག་རྗེས་གཉིས་མཐུད་དུ་བསྟན་དང་སྟོན་བཞིན་འདུག་པས། ད་ནི་ཁྲུས་ཁང་དུ་སོང་ནས་གཟུགས་པོ་ཚར་གཅིག་བཀྲུ་བར་བྱ། ཁྲུས་ཁང་ནས་ཉལ་ཁང་དུ་བསླེབས་དུས་རྒྱ་མོ་སོ་ནི་ཡས་གནམ་ཀླད་བརྒྱུད་འདྲ་པར་ གཉིས་བཏང་འདུག་པའི་གཅིག་ནི་བྱ་མང་པོ་ཞིག་གློག་སྐུད་མེད་པའི་གློག་སྡོང་གཉིས་ ཀྱི་བར་དུ་བབས་ཏེ་དེང་སང་འཕྲུལ་ཆས་མང་པོ་ཞིག་སྐུད་མེད་དུ་བསྒྱུར་བ་འདི་ ལེགས་པོ་མི་འདུག་ཟེར་བ་ཞིག་དང་། གཞན་པ་དེ་ནི་དེབ་མཐུག་པོ་ཤོག་ངོས་ཁྲི་གཅིག་ལོངས་པ་ཙམ་ཞིག་གི་གཡོན་ཕྱོགས་སུ་བུད་མེད་ཤེས་རྟོགས་ཞེས་ པའི་དེབ་དེ་མཐའ་མཇུག་ཏུ་ཚོང་ཁང་ནང་བསླེབས་པ་ཞེས་པ་གཉིས་རེད། ཡང་དྲ་ལམ་ནས་མྱ་ངན་མེད་ཀྱི་དུས་སུ་གནའ་བོའི་རྒྱལ་ཁམས་གྲགས་ཅན་སྒི་རིག་ཏུ་ ཆོས་ཀྱི་ཕོ་ཉ་མངགས་ནས་དེ་རུ་ནང་ཆོས་དར་ཚུལ་དང་། ཡུལ་དེའི་མཚན་ཉིད་རིག་པའི་སྟོན་པ་འཛམ་གླིང་ན་སྙན་གྲགས་ལྡིར་བ་ས་ཁར་ཁྲེ་དང་ སངས་རྒྱས་ཀྱི་དགོངས་པ་བསྡུར་བ་ཞིག་ལ་ཡང་བལྟས། འདིའི་སྐོར་ལོ་མང་སྔོན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཞིག་ལས་ཀྱང་ ཏོག་ཙམ་མཐོང་ཞིང་། ཨ་རི་བ་སྐོར་ཞིག་ལ་དེ་ལུགས་བརྗོད་པས་ཁོ་ཚོས་ཀྱང་དེ་རིང་བར་དུ་དེ་འདྲ་མ་ཐོས་ ཟེར་ནས་དགའ་བོ་འདྲ་ཞིག་བྱས་སོང་།

0 བསམ་ཚུལ་འདོན་པ།:

Post a Comment