ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Wednesday 14 December 2011
ཁྱེད་ཀྱིས།
མི་ཡུལ་ནས་མཛེས་སྡུག་གི་རིན་ཐང་དེ་ངོམ་ཆེད།
མཚོ་གཏིང་གི་ཞེན་ཆགས་ཡོད་ཚད་བློས་གཏོང་ནུས་ཀྱང་
འཇིག་རྟེན་གྱི་མི་འདི་དག་གིས།
ཁྱེད་རང་བེད་སྤྱད་དེ་རང་གི་ལང་ཚོ་དང་རྒྱུ་ནོར་ངོམ་རྒྱུ་ཤེས་པ་ཙམ་ལས།
ཁྱེད་ཀྱིས་བློས་བཏང་བའི་རིན་ཐང་མང་པོ་ཞིག་ནམ་ཡང་ཤེས་ཐབས་བྲལ།


ཡིན་ན་ཡང་། 
ཁྱེད་ཀྱི་འོད་འཚེར་བའི་མཛེས་སྡུག་དེ་ཁོ་ནས།
ང་དང་ང་ལྟ་བུའི་སྐྱེ་བོ་དུ་མ་ཞིག་མ་རིག་པའི་གཉིད་ལས་སློང་ཞིང་
བརྗེད་ངེས་ཀྱི་ལམ་ལས་ལྡོག་པར་བྱེད་པ་དང་
ཁྱེད་ལ་འཁོར་བའི་རྨོངས་སྲེད་ཀྱི་རྣམ་ཤེས་དུ་མ་ཞིག་ཀྱང་
ཉི་འོད་དྲག་པོའམ་ཟླ་འོད་བསིལ་བོ་ཞིག་གི་ཀློང་ནས།
ཁྱེད་ཀྱི་ཚེ་སྲོག་གི་གསང་བ་དང་ཐག་ཉེ་རུ་བཅར་ཐུབ་པ་དང་
ཁྱེད་ཀྱི་བློས་གཏོང་གི་གཏམ་རྒྱུད་སྙན་ཞིང་འཇེབས་ལ་སྨྲེང་བ་ཁོང་ནས་སློང་བ་དེར་ཉན་རྗེས།
མི་རེ་རེའི་མིག་མཐའ་ནས།
ཁྱེད་རང་ལྟ་བུའི་མཛེས་སྡུག་གི་གོང་བུར་ཆགས་པའི་མིག་ཆུ་རྡོག་པོ་རེ་བཞུར་སྲིད་པས།
ངའི་སྙིང་ཉེ་བའི་མུ་ཏིག་གི་ཚོགས་ལགས།
ངེད་ཅག་འགྲོ་བ་མིའི་རིགས་ལ་དགོངས་ཡངས་གནང་རོགས།
ངེད་ཅག་ཀླེན་ལྐུགས་ཀྱི་ཚོགས་འདི་ལ་སྙིང་རྗེ་སྒོམ་རོགས།
ང་རང་ནི་ཁྱེད་ཀྱི་ཆེད་དུ་རྒྱ་མཚོའི་ནང་དུ་ལྕེབས་མྱོང་བའི་སྲེད་པ་ཅན་དེ་མིན་ན་ཡང་
ཁྱེད་ཀྱི་མཛེས་སྡུག་ལ་ལོངས་སུ་སྤྱོད་མྱོང་བའི་འཁྱམ་པོ་ཞིག་ཡིན་པས།
རང་ཡུལ་བཞག་སྟེ་མི་ཡུལ་དུ་འཁྱར་བའི་འུ་གཉིས་ཀྱི་གཏམ་རྒྱུད་འདིའི་ཁུག་པ་ནས།
ངས་ཁྱེད་ཀྱིས་བཞག་པའི་གསེར་མདོག་གི་ཞབས་རྗེས་རེ་རེ་དང་
ངས་ཁྱེད་ཀྱིས་མྱངས་པའི་དཀའ་སྡུག་གི་ལོ་ཟླ་རེ་རེ་ངོ་འཕྲོད་ཐུབ་པ་དང་། 
ཆེས་མཛེས་སྡུག་ལྡན་ཞིང་ཆེས་ཕྱིར་དྲན་བྱེད་འོས་པའི་ཉི་མ་ཞིག་ལ།
ཁྱེད་ཀྱང་རང་ཉིད་ཀྱི་ཕ་ས་སྟེ་རྒྱ་མཚོ་ཆེན་པོའི་འཇིངས་སུ་ཕྱིར་ལོག་ཐུབ་པ་དང་
ང་ཡང་རང་ཉིད་ཀྱི་ཕ་ཡུལ་ཏེ་ཁ་བ་དཀར་པོའི་ཡུལ་གྲུ་དེར་འགྲུལ་བཞུད་ཅིག་བྱེད་ཆོག་ན་ཨང་

0 བསམ་ཚུལ་འདོན་པ།:

Post a Comment