ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday 30 January 2012



དེ་རིང་བར་དུ་ཡར་ལངས་པ་བདེན་པ་རེད་ལ། 
ཡར་ལངས་ནས་ཀི་ལྡིར་རེ་བྱས་པ་ཡང་བདེན་པ་རེད།
ཡར་ལངས་འཕྱི་བས་གཅིན་སྒང་སྦོས་ནས་རྫ་མ་ལྟར་ཆགས་པ་བདེན་པ་རེད་ལ།
ཡར་ལངས་དུས་མགོ་སྐྲ་གཟེངས་ཤིང་མིག་སྐྱག་ཆགས་བསྡད་ཡོད་པ་ཡང་བདེན་པ་རེད།

དེ་རིང་བར་དུ་ཡར་ལངས་པའི་བཀའ་དྲིན་གྱིས།
བོད་ནང་གི་དཔའ་རྒོད་གང་མང་ཞིག་གི་ཚེ་སྲོག་དམར་པོ་མེ་དང་སྔོན་མོ་མཚོན་ལ་བསྟིམས་པ་བདེན་པ་རེད་ལ།
བོད་ཕྱི་རུ་ང་ཚོར་སྐྱབས་བཅོལ་བའི་ཐོབ་ཐང་རག་སྟེ་བོད་ཕྲུག་ཚོར་དབྱིན་ཡིག་ཡག་ཙམ་དང་བོད་ཡིག་སྐྱོ་ཙམ་རེ་སློབ་པའི་གོ་སྐབས་བྱུང་བ་ཡང་བདེན་པ་རེད།
དེ་རིང་བར་དུ་ཡར་ལངས་པའི་གཟི་བརྗིད་ཀྱིས།
རྒྱལ་བ་རིན་པོ་ཆེ་ལ་ནོ་སྦེལ་ཞི་བདེའི་བྱ་དགའ་སོགས་རྟགས་མ་གཡག་རྒན་ཞིག་གི་ཁྱོགས་ཚད་ཅིག་ཐོབ་པ་བདེན་པ་རེད་ལ།
རྒྱ་རི་རིན་པོ་ཆེ་སོགས་རྒྱ་ནག་ཏུ་སོང་ནས་རྒྱ་ཟས་གང་ཞིམ་རེ་མཆོད་རྗེས་ལག་པ་སྟོང་པར་ཡང་དང་སྐྱར་དུ་ཚུར་ཕེབས་པ་ཡང་བདེན་པ་རེད།
དེ་རིང་བར་དུ་ཡར་ལངས་པའི་བཀའ་དྲིན་གྱིས།
པོ་ཏ་ལ་ད་དུང་འགྱེལ་མ་ལངས་སུ་ཆོལ་གསུམ་བོད་མིའི་སྙིང་དབུས་སུ་ཀྲོང་ངེར་འགྱིངས་བསྡད་ཡོད་པ་བདེན་པ་རེད་ལ།
ཀ་ཁ་སུམ་ཅུ་ད་དུང་ཉི་འོད་དང་རླུང་བུའི་ཁྲོད་དུ་དར་ལྕོག་རེར་འཐམས་ན་ཤི་ཙམ་གསོན་ཙམ་ངང་ལུས་ཡོད་པ་ཡང་བདེན་པ་རེད།
ད་ནི་ང་ཚོ་ཡར་ལངས་རན་མ་ཡིན་པར་མར་གཉིད་རན་རེད་ལ།
གཉིད་ནས་དུས་གཏན་དུ་སད་རྒྱུ་མེད་པའི་རྨི་ལམ་ཞིག་ལ་རོལ་བའི་དུས་ཚོད་བསླེབས་འདུག
སའི་གོ་ལ་འདི་ཚལ་བུར་འཐོར་ཡང་གཉིད་ན་ཆོག་གི
བོད་མི་རིགས་འདི་རྩ་མེད་སོང་ཡང་གཉིད་ན་ཆོག་གི
གལ་ཏེ་ཁྱོད་རང་རྣམ་རིག་སྤྱང་གྲུང་ཏོག་ཙམ་ལྡན་པ་ཞིག་ཡིན་ཚེ།
ང་ཚོ་ཡར་ལངས་པའི་དུས་ཚོད་མ་ཡིན་པར་མལ་ཉལ་བའི་དུས་སྐབས་ཡིན་པ་དེ་ཤེས་ཡོང་
སྤུན་ཟླ་ལགས། ངའི་སྙིང་ཉེ་བའི་སྤུན་ཟླ།
རུལ་དྲི་འཐུལ་བའི་རྐང་ཤུབ་མར་ཕུད་ཅིག
དྲོ་ལ་ལྕི་བའི་ཉལ་གོས་ཡར་གྱོན་ཅིག
བློ་བདེ་བོའི་ངང་གཉིད་དུ་ཡུར་ཅིག
སེམས་ཁྲལ་ཅི་ཡང་མེད་པའི་ངང་གཉིད་དུ་ཡུར་ཅིག
བསྐལ་པ་འཇིག་ཀྱང་མགོ་མ་འགྱོགས།
མེ་སྒྱོགས་བརྒྱབ་ཀྱང་མིག་མ་ཕྱེ།
བདེ་ཞིང་སྐྱིད་པའི་གཉིད་ལམ་གྱི་ཞིང་དུ་བཞུགས་ཤིག
བཟི་ཞིང་འཐོམ་པའི་རང་སྣང་གི་སྒོམ་ལ་བཞུགས་རོགས།

0 བསམ་ཚུལ་འདོན་པ།:

Post a Comment