ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Monday, 28 March 2011


སྐེ་དཀྱོགས་ནས་ལྟ་ཐེངས་རེ་རེ་བཞིན།
སྒེའུ་ཁུང་ཕྱི་རོལ་གྱི་ལྗོན་པའི་རྩེ་ཡི་དཔྱིད་མགོའི་མེ་ཏོག་དེ་དག་ཇེ་མང་ནས་ཇེ་མང་རེད།
འདང་རེ་བརྒྱབ་ན་ལོས་ཡིན་ཏེ་ད་ནི་དཔྱིད་ཀ་བསླེབས་སོང་།
མི་རྣམས་དཔྱིད་དུག་གིས་བཟི་སྟེ་ཞོགས་པར་ལང་ན་མི་འདོད་ཅིང་།
ཁྱིམ་བདག་མ་ཚོས་བསྐོལ་པའི་ཞོགས་ཇ་ཡང་རེ་རེ་བཞིན་གྲང་མོ་ཆགས་འདུག
ད་ནི་བདག་གི་བྱིས་པ་ཚོ་སྟེ།
གྲོང་ཚོ་འདིའི་རྒན་རྒོན་དག་ཀྱང་རེ་རེ་བཞིན་དུར་སར་གཤར་སོང་ལ།
ཤུལ་དུ་ལུས་པའི་ཡུགས་ཕོ་ཡུགས་མོ་དག་གིས་ཀྱང་འཆི་བདག་མགྱོགས་པོར་བསླེབ་རྒྱུར་བསྒུགས་བསྡད་འདུག
སྙན་ངག་ཅིག་བྲིས་མ་ཐག་པའི་ཚོར་བ་དེ་ནི།
བུ་མོ་ཞིག་གིས་ཐེངས་དང་པོར་འདོད་པའི་བདེ་བ་མྱངས་པ་དང་འདྲ་བར།
སེམས་གཏིང་ཞིག་ན་ཅི་ཞིག་གིས་ཚིམས་བསྡད་ཡོད་པ་ལྟ་བུ་དང་།
རྩ་ལམ་ཞིག་ཏུ་གང་ཞིག་གིས་ཁེངས་བསྡད་ཡོད་པ་འདྲ་ཞིག་འདུག
འཇར་པན་གྱི་གློག་བརྙན་ཡིད་སྐྱོ་བ་ཞིག་ལ་བལྟས་མ་ཐག་པའི་ཁོ་བོ།
མིག་ཆུ་འབྱིད་བཞིན་ཤོད་དུ་བབས་ཏེ་འོ་ཇ་ཚ་བོ་ཞིག་ཁྱེར་ནས་ཕྱིར་ཉལ་ཁང་དུ་ཡོང་དུས།
ཡང་སྐྱར་འུ་གཉིས་ཀྱི་དྲ་ཐོག་ཁ་བརྡ་སྒྲ་བླངས་པ་དེར་ཉན་འདོད་ཅིག་སྐྱེས་ཤིང་།
ཕྱི་རོལ་ནས་ཆར་ཐིགས་འགའ་སྒེའུ་ཁུང་གི་ངོས་སུ་ལྷུང་ཡོང་བར་བལྟས་ནས།
ད་ནི་དཔྱིད་ཀའི་ཆར་བ་ཞིག་འབབ་རྒྱུ་ཡིན་པའི་ཚོར་སྣང་ཞིག་ཀྱང་སྐྱེས་ཡོང་།
གང་ལྟར་གློག་བརྙན་དེའི་བར་བཅུག་རོལ་དབྱངས་དེ་ད་དུང་གྲག་བཞིན་འདུག
གང་ལྟར་སེམས་ཁོང་དུ་ཟུག་པའི་སྐྱོ་གར་ཞིག་ད་དུང་མིག་མདུན་དུ་འཁྲབ་བཞིན་འདུག
ཕངས་པ་ལ།
དཔྱིད་ཀའི་ཉི་མ་ཞིག་དེ་ལྟར་མཇུག་རྫོགས་གྲབ་འདུག
གལ་སྲིད་ཉི་འོད་དྲོ་ཞིང་རླུང་བུ་འཇམ་པོར་ལྡང་ཚེ།
ཐག་ཉེ་ས་རུ་ཡོད་པའི་རྒྱ་མཚོའི་ཁ་རུ་སོང་ནས་ཉི་མར་ལྡེ་བའམ།
ཡང་ན་ལྕགས་རྟ་ལ་ཞོན་ནས་གྲོང་གསེབ་གྱི་ལྷིང་འཇགས་རེ་འཚོལ་དུ་འགྲོ་རྒྱུ་ལས།
སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཆེས་མཛེས་པའི་དཔྱིད་ཀ་དེ་ཤར་ན་ཡང་།
བདག་ལ་ཐུན་མོང་མ་ཡིན་པའི་འཆར་གཞི་གང་ཡང་མེད་པ་དང་།
གལ་སྲིད་སྟབས་རེ་འགྲིགས་ནས་སྒོར་མོ་རེ་གསོག་ཐུབ་སོང་ཚེ།
སྟོན་མཇུག་ཅིག་ལ་ཐག་རིང་ཞིག་ཏུ་སོང་ནས།
རང་གིས་དུས་རྟག་ཏུ་སྙིང་ནས་དྲན་པའི་དྲིན་ཆེན་ཕ་མ་གཉིས་དང་།
དགོད་སྒྲ་སྙན་མོ་ཞིག་གིས་སེམས་པ་དབང་མེད་དུ་འཕྲོགས་པའི་དྲ་ངོས་མཛའ་མོར་ཐེངས་གཅིག་ཐུག་ན་འདོད།

11 comments:

  1. མཆན་འདེབ་ན་སྒོ་རྒལ་དྲ་བར་ཡིག་སྒམ་ཁ་ཕྱེས་རྗེས་མ་གཏོགས་ནང་འཛུལ་བྱེད་མི་ཐུབ།

    ReplyDelete
  2. "རང་གིས་དུས་རྟག་ཏུ་སྙིང་ནས་དྲན་པའི་དྲིན་ཆེན་ཕ་མ་གཉིས་དང་།" ཞེས་བ་རྫུན་མ་ཡིན་པ་འདྲ་ལ།
    "དགོད་སྒྲ་སྙན་མོ་ཞིག་གིས་སེམས་པ་དབང་མེད་དུ་འཕྲོགས་པའི་དྲ་ངོས་མཛའ་མོར་ཐེངས་གཅིག་ཐུག་ན་འདོད་"ཅེས་བ་དེ་དོན་གཏམ་ཡིན་པ་འདྲ། མཛའ་མོ་གླེང་ས་ནས་ཕ་མ་གཉིས་མ་གླེང་ཚེ་ཁྲེལ་དུ་འདོད་པ་ནི་གྲྭ་ཟུར་ཚོའི་བསམ་ཚུལ་རེད།

    ReplyDelete
  3. རིག་པའི་མེ་ལོང་ན་ལན་འདེབས་ཡོད་ད།

    ReplyDelete
  4. ངས་གང་འདོད་དུ་བསམ་ཚུལ་ཞིག་བཤད་པར་དང་ལེན་གནང་འདུག་པ་དངོས་གནས་དགའ་ཡོད། འོན་ཀྱང་(ཡུགས་མོ་དག་)ཅེས་པར་ཆད་སྐྱོན་བྱུང་འདུག

    ReplyDelete
  5. སྙན་ངག་པ་ནི་ནམ་ཡང་འཆི་བ་ལ་གྲ་སྒྲིག་ཡོད་པའི་མི་དེ་ཡིན་པས། ལོ་ཟླ་དང་སུན་ཟྣང་གི་མདུན་ནས་སྙན་ངག་པ་མཛེས་སྡུག་གིས་ལངས་དགོས།
    རེ་བ་ལ་ཁྱེད་སྔར་བཞིན་འཇིག་རྟེན་ལ་རྐང་འོག་ལ་ཡོད་པ་ལྟ་བུའི་སེམས་རྒྱ་ཆེ་ལ་བདེ་སྐྱིད་འཚོལ་སྙེགས་པའི་མི་དེར་འགྱུར་བར་སྨོན།

    ReplyDelete
  6. ཁྱེད་རྣམ་པ་འདིར་ཕེབས་ནས་དགོངས་ཚུལ་གསུངས་འདི་ངོ་མ་གློ་བ་དགའ་བའི་གནས་ཚུལ་ཞིག་རེད།

    ReplyDelete
  7. ཨ་ཁུ་ལགས། གློ་བ་དགའ་བ་ཞིག་རེད་ལབ་ན་ཅང་གོ་རྒྱུ་ཡོད་མེད་མི་ཤེས་ཀི

    ReplyDelete
  8. མཛེས་མ་ལགས། གློ་བ་དགའ་ཞེས་པ་འདི་ཏུན་ཧོང་ཡིག་རྙིང་སོགས་གནའ་བོའི་ཡིག་རྙིང་ཁག་ཅིག་ཏུ་སེམས་པ་དགའ་བར་གློ་བ་དགའ་ཞེས་འབྲི་ལུགས་འདུག་པ་འདི་བེད་སྤྱོུད་བཏང་བ་ཙམ་ཞིག་ཡིན། དཔེར་ན་ཏུན་ཧོང་ཡིག་རྙིང་ལས་མགར་བཙན་པོ་ལ་གློ་བ་རིང་ཞེས་སོགས་ཡང་ཡང་འབྱུང་བ་བཞིན་ནོ།།
    མཛེས་མ་ཁྱེད་ལ་མཚོན་ན་ཁོ་བོའི་སྙིང་དགའ་བ་ཡིན་ཞེས་བྲིས་ན་ཡང་མི་ཆོག་རྒྱུ་མེད་ཀྱང་། ཁོ་བོ་མི་ལོ་ལོན་ཡིན་པས་ཚིག་ཀྱང་ལོ་ལོན་རེ་བེད་སྤྱོད་བཏང་ན་སེམས་པ་སྐྱིད་པོ་ཞིག་རེད།

    ReplyDelete
  9. ཨོ། སེམས་དང་བསམ་པ་དགའ་བའི་ཚོར་བ་དེ། མ་ལག་ཅིག་གམ་ཡང་ན་གློ་བར་མཇུག་པ་དེ་གོ་བ་ལེན་ཐུབ་ངེས་ཀྱང་འབྱོར་མིན་གྱི་ཐད་ནས་དེ་འདྲ་ཞིག་རེད།
    ཨོ་ ཨ་ཁུས་བཤད་པ་ལྟར་ན་མི་རབས་རྒན་གཞོན་ལ་ཚིག་སྦྱོར་དང་མིང་ཚིག་ཁ་ཁར་ཡོད་ན་བརྡ་སྤྲོད་ལ་སོགས་པའི་གཞུང་ལུགས་ཤིག་ཡོད་པར་ཡང་དགེ་བ་ཆེར་མེད་པར་སྣང་།

    ReplyDelete
  10. དེ་ནི་མི་རབས་གསར་རྙིང་ལ་ཚིག་མཛོད་གསར་རྙིང་དགོས་པ་བཞིན་རེད་སྙམ། དཔེར་ན་སྙན་ངག་འབྲི་སྲོལ་གཞོན་པར་གསར་པ་འཕྲོད་པ་ལྟ་བུ་ཞིག་རེད་བསམས།

    ReplyDelete
  11. མི་ལོ་ལོན་ཚིག་རྙིང་པར་དགའ་མི་མ་རེད་སྙམ། ངས་བསམ་ན་འདི་ནི་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་རྨ་གཞི་གཏིང་ཚིགས་པོའམ་ཡང་ན་དུང་ཞེན་ཆེ་ཆུང་ངམ། ཡང་གཏིང་ཟབ་རྟོགས་མིན་ཀྱི་ཁྱད་ཙམ་ཨེ་ཡིན་ནམ། གློ་བ་དགའ་དང་གློ་བ་ཉེ་ཟེར་བའི་ཚིག་འདི་གནས་ནས་ད་བར་དུ་བེད་སྦྱོད་བྱས་དང་བྱེད་བཞིན་འདུག ཨོ་རེད། ལྷག་པར་དུ་དེང་སང་བོད་ནང་གི་གཞོན་སྐྱེ་ཚོ་གནའ་ཚིག་གམ་གནའ་བོའི་བོད་ཡིག་རྙིང་པ། ཚིག་སྦྱོར་རྙིང་པ། ད་དུང་ཡུལ་སྲོལ་གོམས་གཤིས་འགྲོ་འདུག་སྤྱོད་གསུམ་སོགས་བོད་གནའ་བོའི་དུས་ཀྱི་གནའ་རྫས་ལྟ་བུ་མང་པོ་ཞིག་སྔོག་འདོན་གྱིས་བེད་སྤྱོད་བྱེད་བཞིན་འདུག་སྙམ།
    གློ་བ་ཉེ་དང་གློ་བ་དགའ། བློ་བ་རིང་སོགས་བེད་སྦྱོད་བྱེད་བཞིན་འདུག་ག ད་དུང་ངས་ཁ་སྔོན་(རྩི་)ཞེས་པ་ཞིག་ཁ་བརྡར་ཐེངས་འགར་བེད་སྦྱད་པ་ཡིན། དོན་ནི་ཕན་པ་དང་བཟང་པ། ཡག་པོ་ཡོད་པ་སོགས་སྐད་ཆའི་སྐབས་དོན་དང་བསྟུན་ནར་བེད་སྤྱོད་ཀྱི་འདུག འདི་ཡང་གནའ་བོའི་བོད་བཙན་པོའི་སྐབས་ཀྱི་ཚིག་ཅིག་རེད། དཔེར་ན། མཆིན་པའི་ནད་ལ་གཡུ་རྙིང་བསྟེན་ན་(རྩི།) ལྟ་བུ། ཡང་དཔེན་ན། སྐེད་པ་ན་བར་ཀ་ལ་ཐིའི་ཆུ་ཚན་ཡུན་རིང་བསྟེན་ན་མི་རྩི་མི་སྲིད། ལྟ་བུར་བེད་སྤྱོད་བཏང་འདུག ཚིག་འདི་ངའི་བློར་བབས་བྱུང་། དོན་སྟོན་པར་ཡང་སྟབས་བདེ་རེད་འདུག་སྙམ།་འདི་ལྟ་བུའི་ཚིག་སྙིང་རྗེ་དག་ས་རྡུལ་ནང་ནས་ཚུར་བླངས་ཏེ་བེད་སྤྱད་ན་ཚིག་ཇེ་མང་དུ་འགྲོ་བར་ཡང་ཕན་གི་འདུག་སྙམ། གནའ་དེང་གི་ཚིག་ཚང་མ་བེད་སྤྱོད་ཐུབ་ན་མི་དེས་རྩོམ་ཡིག་ཅིག་བྲིས་ཀྱང་ཚིག་གཅིག་བསྐྱར་བརྡབ་ཏུ་མི་འགྱུར་ཁར་དོན་གཅིག་ལ་ཚིག་མ་འདྲ་བས་སྟོན་སྟངས་ཀྱང་མ་འདྲ་བ་ཡིན་ཚེ་ཀློག་སྤྱོ་ལ་རོ་ཡི་བྲོ་བ་ཡང་ཁྱད་པར་བ་ཞིག་འདུག་སྙམ། འོ་ད་ཡང་ཉོག་བཤད་ཉོབ་ཏོ་ཞིག་གི་འགོ་བཙུགས་སོང་། བདེ་མོ་བྱོས།

    ReplyDelete