ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday, 29 March 2011


ཞོགས་པར་ཉི་འོད་དྲོན་པོ་ཞིག་གིས་གྲོང་ཁྱེར་འདི་ཡོངས་སུ་ཁྱབ་སོང་།
ཞོགས་པར་དཔྱིད་རླུང་འཇམ་པོ་ཞིག་གིས་ས་ཆ་འདི་རེ་ཞིག་དཀྲིས་སོང་།
མལ་ལས་ལངས་སྔ་བས་ཡིན་ནམ་གཉིད་ལྕོགས་ཡང་མོ་རེ་ད་དུང་རྒྱག་བཞིན་འདུག
ཡིན་ན་ཡང་སྙན་ངག་གང་མང་ཞིག་འཐུ་ཐུབ་ཕྱིར་མགྱོགས་པོར་ལམ་ལ་ཆས་དགོས།
ཨ་སྒོར་བཞི་བརྒྱ་ཅན་གྱི་པར་ཆས་དང་སྒྲ་ལེན་འཕྲུལ་ཆས།
ད་དུང་འབྲི་དེབ་ཆུང་ཆུང་ཞིག་དང་སྨྱུ་གུ་ཞིག
ཆུ་གྲང་མོ་དམ་བི་གང་དང་ཨ་སྒོར་ལྔ་བཅུ།
འདི་དག་འཁུར་ཁུག་ཏུ་བཅུག་སྟེ་ལམ་ལ་ཆས།
གྲོང་ཁྱེར་གྱི་ཕྱི་རོལ་ནི་འཇིག་རྟེན་གཞན་ཞིག་སྟེ།
རྩྭ་ལྗང་གི་དྲི་ངད་ཀྱིས་ཡོངས་སུ་ཁྱབ་པའི་མཁའ་དབུགས་གསར་པ་དང་།
ལུག་བལ་བརྩེགས་འདྲའི་སྤྲིན་དཀར་གསར་བ།
སྔོ་ཞིང་བསང་བའི་ནམ་མཁའ་གསར་བ།
རི་མོར་བྲིས་འདྲའི་ཞིང་གྲོང་གསར་པ།
བུད་མེད་དག་གི་ཡིད་དབང་འཕྲོག་པའི་ངོ་གདོང་གསར་པ།
བྱིས་པ་དག་གི་ཡིད་དུ་འོང་བའི་རྩེད་མོ་གསར་བ།
དེ་དག་གིས་ངའི་སེམས་པ་ཡོངས་སུ་བཀུགས་སོང་བས།
སྙན་ངག་པ་ཞིག་གི་ཚོར་བ་དང་།
སྒྱུ་རྩལ་པ་ཞིག་གི་འགན་ཁུར་ཡང་བརྗེད་ཟིན་པ་འདྲ་སྟེ།
གོམ་མཚམས་འཇོག་མ་ཕོད་པར་དབུགས་འཚང་བཞིན་གྲོང་གསེབ་ནས་གྲོང་གསེབ་ཏུ་བསྐྱོད།
བུད་མེད་འདི་ཚོའི་དགོད་སྟངས་གསར་པ་དང་།
ཁོང་ཚོའི་འཕོང་ཚོས་འགུལ་སྟངས་གསར་པ།
ད་དུང་བྲང་ངོས་ཀྱི་མྱོས་བུམ་འགུལ་སྟངས་གསར་པ་འདི་དག་གིས།
གདོན་འདྲེ་ཇི་བཞིན་ངའི་བླ་སྲོག་ཡོངས་སུ་བཀུགས་ཚར་སོང་།
གཤིན་རྗེ་ལྟ་བུར་ངའི་རྣམ་ཤེས་བཙན་གྱིས་ཁྱེར་སོང་།
ཕྱུགས་ར་ཆུང་ཆུང་ཞིག་གི་འཁྲིས་སུ།
ང་རང་དབང་མེད་དུ་ས་ལ་འགྱེལ་སོང་།
དུས་ཚོད་ཅི་ཙམ་འགོར་བ་མ་ཤེས་ཀྱང་།
ཡུན་རིང་ཞིག་གི་རྗེས་སུ་ངའི་རྣ་ལམ་དུ་ཁྱི་ཕྲུག་ཆུང་ཆུང་ཞིག་གི་ཟུག་སྐད་གྲགས་བྱུང་ལ།
བུད་མེད་ཅིག་གི་དྭངས་ཤིང་སྙན་པའི་དགོད་སྒྲ་ཡང་གྲགས་སོང་།
མགོ་བོ་དགྱེ་ཞིང་མིག་ཟུང་ཕྱེས་ནས་ལྟ་དུས།
ངའི་ལུས་ཀྱི་ལྭ་བ་དག་ཡོངས་སུ་བཤུས་ཚར་འདུག
ང་རང་རྩྭ་ལྗང་ལས་གྲུབ་པའི་མལ་སྟན་ཞིག་གི་སྟེང་དུ་གན་རྐྱལ་ངང་ཉལ་འདུག
ད་དུང་སྣ་ལམ་དུ་འོ་དྲི་ཞིམ་པོ་ཞིག་བར་མེད་དུ་ལྡང་བཞིན་འདུག
རབ་རིབ་དང་ཟ་ཟི་ཡིན་པའི་ཚོར་སྣང་ཞིག་ལ།
གནས་འདི་རུ་ངའི་ཁྱིམ་གཞིས་གསར་བ་དེ་ཡོད་ཅིང་།
ངའི་མཛའ་མོ་གསར་པ་ཞིག་གིས་ཀྱང་ངོ་གདོང་འཛུམ་གྱིས་ཁེངས་ནས་ང་ལ་བསྒུགས་འདུག་ཅིང་།
མཛའ་མོའི་ལུས་སྟེང་ནས་དྲི་ཞིམ་གསར་པ་ཞིག་ཀྱང་ལྕགས་ཀྱུ་བཞིན་ངའི་སྙིང་གར་བཏབ་བྱུང་།
ཡིན་ན་ཡང་ཆེས་འཇིགས་སུ་རུང་བ་ཞིག་སྟེ།
བར་སྣང་ཁམས་ནས་བྱ་རྒོད་གྲངས་མེད་ཅིག་ངའི་འཁྲིས་སུ་བབས་བྱུང་ལ།
དེ་དག་གིས་ལྟོགས་སྐོམ་གྱིས་གཟིར་བའི་ངར་སྐད་སྣ་ཚོགས་འདོན་བཞིན།
ག་ལེར་ངའི་ལུས་སྟེང་དུ་ཕྲ་ཞིང་རྣོ་བའི་མཆུ་རྩེ་རེ་རེ་བཞིན་བཙུགས་བྱུང་།
དུས་ཚོད་ཅི་ཙམ་འགོར་བ་མ་ཤེས་པའི་ངང་དུ།
ཁོ་ཚོས་ངའི་ཤ་ཁྲག་རུས་གསུམ་ལྷོད་ལྷོད་ངང་ལོངས་སུ་སྤྱད་ཚར་སོང་།
ཤུལ་དུ་ལྷགས་པ་ནི་ངའི་སྐྲ་རྐང་ཉག་མ་ཁ་ཤས་དང་དུང་སོ་དཀར་པོ་འགའ་ཙམ་རེད།
ད་ནི་ངའི་རྣམ་ཤེས་ཀྱང་གཅེར་བུར་བུད་པ་འདྲ་སྟེ།
དབང་མེད་དུ་གྲང་སྣང་ཞིག་དང་ཚ་སྣང་ཞིག
ད་དུང་སྐྲག་སྣང་ཞིག་དང་འཇིགས་སྣང་ཞིག་ཀྱང་སྐྱེས་བྱུང་།
གསོལ་འདེབས་ཤིག་གི་སྣེ་ནས་གཉིད་ལས་སད་པ་ལྟར་གྱུར་དུས།
ང་རང་ད་དུང་རང་གི་ཉལ་ཁྲིའི་སྟེང་ཉལ་ནས་བསྡད་འདུག་ལ།
ཉི་འོད་སེར་པོ་ཞིག་སྒེའུ་ཁུང་བརྒྱུད་དེ་ངའི་སྔས་མགོར་འཕྲོས་འདུག
དཔྱིད་རླུང་འཇམ་པོ་ཞིག་སྒོ་སྲུབ་མྱུལ་ནས་ངའི་ལུས་པོར་འཁྱུད་བྱུང་།
ད་ནི་མགྱོགས་པོར་མལ་ལས་ལངས་ཏེ་ཕྱི་རོལ་ཏུ་སྙན་ངག་ཅིག་འཐུ་རུ་འགྲོ་དགོས་བྱུང་།

1 comment: