ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Wednesday 5 October 2011
རྨི་ལམ་ཟ་ཟི་ཞིག་གིས་ངང་ནས་གཉིད་ལས་སད་དུས་ཆུ་ཚོད་བརྒྱད་པ་ཟིན་གྲབ་འདུག མགྱོགས་པོར་ཡར་ལངས་ཏེ་ཁྲུས་ཁང་ནས་གདོང་པ་བཀྲུ་ཞོར་ཕྱི་རོལ་ཏུ་བལྟས་པ་ན། ཁ་སང་བཞིན་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་ཆུ་སྤྲིན་སྟུག་པོ་ཞིག་འཁྲིག་བསྡད་ཡོད་ཅིང་། ཁྱིམ་མཚེས་ཚང་གི་སྒོ་རའི་ནང་གི་མེ་ཏོག་བཞད་པའི་ལྕུག་ཕྲན་ཚོམ་བུ་དེ་དག་མདང་ནུབ་ཀྱི་ཆར་བས་བཀྲུས་ཏེ་འོད་ཀྲིག་གེར་བསྡད་འདུག
ཤོད་དུ་བབས་ནས་ཞོགས་ཇ་ཞིག་འཐུང་བཞིན་པའི་དུས་སུ། མདང་ནུབ་དུས་ཆད་བྱས་པ་བཞིན་རྒྱ་མི་ཡེ་ཤུའི་ཆོས་ཚོགས་ཀྱི་རིན་མེད་མིག་གཤག་བཅོས་ཚོགས་པ་ཞིག་གི་སྐད་སྒྱུར་བྱེད་མཁན་དེ་ཡང་སྐྱར་ཆབ་ཆ་ནས་ཕྱིར་ལོག་པའི་ལག་ཏུ་ནུ་བོ་གཟི་མིག་གསུམ་པས་ཁོའི་དཔྱད་རྩོམ་དེབ་<<བདེན་པའི་ལེའུ་>>ཞེས་པ་དེ་དང་གཞན་པའི་དུས་དེབ་འགའ་བསྐུར་འདུག་པ་ཁྱེར་ནས་བསླེབས་སོང་། དཔྱད་རྩོམ་དེབ་འདིར་ཁོ་བོས་སྔོན་བརྗོད་ཅིག་བྲིས་ཡོད་ཅིང་། ནུ་བོས་བརྗོད་པ་ལྟར་ན་དེབ་དེ་བསམ་ཡུལ་ལས་འདས་པའི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་འགྲེམ་ཚོང་བྱེད་ཐུབ་འདུག
ཆུ་ཚོད་བཅུ་གཅིག་གི་སྟེང་དུ་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་སྟག་ལྷ་རྒྱལ་གྱི་ཁ་པར་ཡོང་ནས་ཀླུ་སྨྱོན་རྩོམ་རིག་བྱ་དགའི་སྐོར་བཅར་འདྲི་ཞིག་བྱས་ཤིང་། གཙོ་བོ་ལས་འགུལ་དེ་འདྲ་ཞིག་སྤེལ་དགོས་པའི་དམིགས་ཡུལ་དང་། ད་བར་རྩོམ་ཡིག་ཅི་ཙམ་ཞིག་འབྱོར་ཡོད་མེད་དང་ལས་འགུལ་འདི་ལ་དགག་བྱ་བྱེད་མཁན་བྱུང་ཡོད་མེད། མཐའ་མའི་ཐག་གཅོད་སུས་བྱེད་མིན་སོགས་རེད། བཅར་འདྲི་བྱས་ཚར་རྗེས་ཁོང་གིས་སང་ཉིན་བཅར་འདྲི་འདི་རྒྱང་སྲིང་བྱེད་ཀི་ཡིན་ཟེར།

དེ་རྗེས་ཐབ་ཚང་དུ་སོང་ནས་སྔོ་ཚོད་སྐོར་ཞིག་ཟོས་ནས་ཉིན་གུང་གི་ཟ་མ་འཐུས་པར་བྱས་ཤིང་། མདང་དགོང་ངོ་དེབ་ལས་རྒྱ་ནག་ཏུ་སྤུ་ལྡན་སྲོག་ཆགས་ཆུང་ཆུང་དེ་འདྲ་སྟོང་ཕྲག་མང་པོའི་པགས་པ་གསོན་བཤུ་བྱས་པའི་འདྲ་པར་ཞིག་ལ་བལྟས་རྗེས། ཁོ་བོའི་ཤ་ཁྲག་གི་ཁ་ཟས་དང་པགས་རིགས་ཀྱི་གྱོན་ཆས་སོགས་ལ་ཡི་ག་འགག་རེས་ཕྱེ་རེས་ལྟ་བུ་ཞིག་བྱེད་བཞིན་འདུག
ཆུ་ཚོད་དང་པོ་ནས་གཉིས་པ་བར་དུ་ཨ་མ་ཨ་རི་བ་དང་ཕ་རྒན་བོད་པ་ཡིན་ཞིང་། རང་གིས་ལོ་བདུན་གྱི་རིང་བོད་སྐད་དང་བོད་ཡིག་བསླབས་པའི་བུ་མོ་བསོད་ནམས་ཚེ་འཛོམས་དང་མཉམ་དུ་རང་གི་བརྩམས་སྒྲུང་<<ལྷ་གཡག་གི་རྣམ་ཤེས་>>ཞེས་པ་དེ་དབྱིན་སྒྱུར་གྱི་ཤོག་ལྷེ་སྐོར་ཞིག་ལ་ཞུ་དག་བྱས། མོས་སྒྲུང་གཏམ་འདི་ཆ་ཚང་འདི་ལོའི་དབྱར་ཁའི་གུང་གསེང་དང་བསྟུན་ནས་ཧི་གཟུགས་སྟེང་གློག་ཀླད་དུ་བཅུག་ཚར་ཡོད་ཅིང་། ཟླ་བ་རེ་ཟུང་ནས་དབྱིན་སྒྱུར་བྱས་ནས་ཚར་དུ་འཇུག་པའི་འཆར་གཞི་ཞིག་བཟོས་ཡོད། ཡིག་སྒྱུར་ལས་ཀ་ཚར་རྗེས་ལོ་ངོ་བདུན་གྱི་རིང་བསླབས་ཟིན་པའི་མིང་ཚིག་དང་ཚིག་གྲུབ་སྐོར་ཞིག་སྐྱར་ཟློས་བྱས་རྗེས་མོས། བོད་ཡིག་ནི་དེང་སྐབས་རྒྱལ་སྤྱིའི་སྟེང་ཉམས་རྒུད་དུ་འགྲོ་བཞིན་པའི་སྐད་ཡིག་ཅིག་རེད། ངས་མུ་མཐུད་དེ་བོད་ཡིག་ཡག་པོ་ཞིག་སྦྱངས་ནས་མ་འོངས་པར་མཐོ་སློབ་ནས་དམིགས་བསལ་སློབ་ཡོན་བླངས་ཏེ་བོད་ཡིག་སློབ་སྦྱོང་མཐའ་འཁྱོལ་བ་ཞིག་བྱེད་ཀི་ཡིན་ཟེར།
ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་ཆར་བ་ཆུང་ཆུང་ཞིག་འབབ་བཞིན་པར་མ་འཛེམས་པར་གཟའ་འཁོར་གཉིས་ཀྱི་སྔོན་སྤྱི་ཚོགས་དཔེ་མཛོད་ཁང་ནས་གཡར་བའི་གློག་བརྙན་འོད་སྡེར་གསུམ་ཁྱེར་སོང་ནས་ཕྱིར་བསློགས་ཤིང་། འོད་སྡེར་གཞན་པ་གསུམ་གཡར་རྗེས་<<ཉིག་ཡོར་སྦྲགས་ཚགས་>>དང་<<དུས་བབ་>>སོགས་ཚགས་པར་དང་དུས་དེབ་ཆེ་གྲས་འགའི་ངོས་སུ་མིག་གཤེར་རེ་བྱས་རྗེས་ཕྱིར་ལོག
འོད་སྡེར་དེ་གསུམ་ལས་ཧོང་ཁོང་གི་བུད་མེད་བཙོན་མའི་སྐོར་གྱི་གློག་བརྙན་ཞིག་ལ་ལྟ་བཞིན་གཉིད་དུ་ཡུར་སོང་ལ། སྐབས་ཤིག་ཁ་པར་གྱི་སིང་སྒྲས་གཉིད་དཀྲོགས་སོང་བས་ཚུར་བླངས་ཏེ་རྣ་རྩར་སྦྱར་བ་ན། རང་གི་སློབ་མ་ཝེལ་ཡིམ་གྱིས་དགོང་དྲོའི་ཟ་མ་བཟའ་བར་ཕེབས་རོགས་ཟེར་བཞིན་འདུག ཡིན་ཡང་དོ་དགོང་མི་ལོ་སུམ་ཅུ་བཙོན་ཁང་ནས་བསྐྱལ་པའི་བོད་ཀྱི་སྐུ་ཞབས་བགྲེས་སོང་གྲགས་ཅན་ཞིག་དང་མཉམ་དུ་དགོང་ཟས་ཤིག་བཟའ་གི་འགྲོ་རྒྱུའི་དུས་ཚད་བྱས་ཟིན་པས། དགོངས་དག ངེད་ཅག་སང་ཉིན་གནངས་ཉིན་ཞིག་ལ་འགྲོ་ཆོག་བརྗོད།
བརྙན་འཕྲིན་གྱི་ཁ་ཕྱེས་པ་ན་ཀུ་ཤུ་གློག་ཀླད་ཀྱི་རྣམ་པར་བཅོས་སྒྱུར་བྱེད་མཁན་དང་iPodགསར་བཏོད་པ་འཛམ་གླིང་ན་སྙན་གྲགས་ཅན་སི་ཀྲེ་ཧྥུ་རྗ་སྦུ་སུ་དེ་རིང་རང་ལོ་ང་དྲུག་སྟེང་ནད་མནར་གྱིས་ཚེ་ལས་འདས་པའི་གསར་འགྱུར་ཞིག་སྟོན་བཞིན་འདུག་ཅིང་། ཁོས་རང་གི་ཕ་མའི་རླངས་འཁོར་འཇོག་སའི་ཁང་མིག་ཅིག་གི་ནང་དུ་ཀུ་ཤུ་གློག་ཀླད་བཅོས་སྒྱུར་གྱི་ལས་གཞི་གསར་བཏོད་བྱས་ཤིང་། དེང་སྐབས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་དང་ཁ་པར་སྟེང་ང་ཚོའི་མཛུབ་མོས་གང་འདོད་དུ་པར་དང་ཡི་གེ་སོགས་ཆེ་རུ་གཏོང་བ་དང་བརྗེ་སྒྱུར་སོགས་བྱེད་ནུས་པ་དེ་ཡང་ཁོང་གི་གསར་བཏོད་ཀྱི་གྲས་ཤིག་རེད། གསར་བཏོད་པ་དང་ཕྱུག་བདག་ཆེན་པོ་སྦེལ་སྒེ་ཚིས་ཀྱང་། ངས་ཁོང་ལོ་ངོ་སུམ་ཅུའི་སྔོན་ནས་ངོ་ཤེས་པ་ཡིན། ངས་ཁོང་ཐོལ་གྱིས་དྲན་གི་རེད་སོགས་ཀྱི་མྱ་ངན་ཞུ་ཚིག་སྤེལ་འདུག
གསར་འགྱུར་གཅིག་ནི་ཨ་རིའི་མ་རྐང་ཁྲོམ་ར་གྲགས་ཅན་Wall Streetལ་ངོ་རྒོལ་བྱེད་མཁན་སྐོར་ཞིག་ཉེན་རྟོག་པས་འཛིན་བཟུང་བྱེད་བཞིན་པ་དང་ངོ་རྒོལ་བྱེད་ས་ནས་ཕྱིར་སྐྲོད་བྱེད་པ་སོགས་རེད་འདུག་ལ། ངོ་རྒོལ་ལས་འགུལ་འདི་ཨ་རིའི་རྒྱལ་ཡོངས་སུ་ཁྱབ་བརྡལ་དུ་འགྲོ་བཞིན་འདུག་ཅིང་། ངོ་རྒོལ་ལས་འགུལ་འདིའི་འབྱུང་རྐྱེན་གཙོ་བོ་ཞིག་གི་འདས་པའི་ལོ་ཉི་ཤུའི་ནང་ཨ་རིའི་སྤྱི་ཚོགས་སྟེང་དབུལ་ཕྱུག་དོ་མི་མཉམ་པའི་སྣང་ཚུལ་དེ་ཧ་ཅང་ཚབས་ཆེན་དུ་གྱུར་དང་འགྱུར་བཞིན་པས་རེད་འདུག  ཁོ་བོས་སྐབས་རེར་རང་གི་ཨ་རིའི་གྲོགས་པོ་ཚོར་དབུལ་ཕྱུག་དོ་མི་མཉམ་པའི་ཨ་རི་ལ་གསར་བརྗེའི་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག་ཅེས་བརྗོད་མྱོང་།
གསར་འགྱུར་གཞན་པ་གཅིག་ནི་ཨ་རིའི་བུད་མེད་སྲིད་དོན་པ་གྲགས་ཅན་སེ་ར་ཕེ་ལན་སྲིད་འཛིན་རྗེས་མའི་འོས་བསྡུའི་ནང་ཞུགས་རྒྱུ་མིན་ལུགས་ཀྱི་སྐོར་ཞིག་རེད། མོ་ནམ་རྒྱུན་སྡོད་ས་ཨ་ལ་སི་ཀ་ཡིན་ཞིང་། ལོ་འགའི་སྔོན་ཁོ་བོས་དེ་གར་ཆོས་འཆད་དུས་སློབ་མ་སྐོར་ཞིག་གིས་མོ་གདོན་འདྲེ་རེད་ཅེས་གཤེ་གཤེ་བཏང་བ་ཡང་དྲན་སོང་། མོས་སྲིད་དོན་གཏམ་བཤད་སྤེལ་དུས་མི་དམངས་ཇ་སྟོན་ལ་མགྲོན་འབོད་བྱེད་པའི་ཐབས་ཇུས་ཤིག་བེད་སྤྱོད་བྱེད་བཞིན་ཡོད།
གསར་འགྱུར་ཚན་པ་ཞིག་ཏེ་ཨ་རིའི་གཞས་པ་གྲགས་ཅན་མ་ཡེ་ཁལ་ཅག་སན་གྱི་སྨན་པ་མོའུ་ཡེས་ཟེར་བ་དེས་མ་ཡེ་ཁལ་གྱི་འཕྲོད་བསྟེན་ལ་དོ་སྣང་མ་བྱས་པའི་ཉེས་འཛུག་གིས་ཁྲིམས་སར་ཐུག་བསྡད་འདུག་ཅིང་། མ་ཡེ་ཁལ་མ་གྲོངས་སྔོན་གྱི་སྐད་ཆ་སྒྲ་འཇུག་བྱས་པ་ཞིག་ལས། ང་ལ་བྱིས་པའི་གནས་སྐབས་དེ་མེད་སོང་ཞེས་པ་སོགས་ཐད་གཏོང་བྱེད་བཞིན་འདུག
ད་དུང་ཁྱིམ་ཚང་ཞིག་གི་བྱིས་པ་ཆུང་ཆུང་ཟླ་བ་བཅུ་ལས་སོན་མེད་པ་ཞིག་རྐུན་མས་སྒེའུ་ཁུང་ནས་འཛུལ་ཏེ་བརྐུས་པའི་སྐོར་ཞིག་ཀྱང་སྟོན་བཞིན་འདུག་ལ། ཨེ་ཀྲ་ལི་ནས་གློད་གྲོལ་བཏང་བའི་ཨ་མན་སྒྲས་མདང་དགོང་ཟ་མ་ག་རེ་ཟོས་པ་དང་གནས་གང་ཞིག་ཏུ་བསྡད་པ་སོགས་སྙན་སྒྲོན་བྱེད་བཞིན་འདུག
ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ལ་ཐང་ཆད་ཅིང་ཉོབ་ནས་ཡོད་པ་དེ་སངས་ཆེད་ཁྲུས་ཁང་དུ་འཛུལ་ནས་ཆུ་ཚ་བོ་ཞིག་གིས་གཟུགས་པོ་ཚར་གཅིག་བཀྲུས་ཤིང་། ཁྲུས་ཁང་ནང་ཧ་ཅང་འཁྱག་པས་ཆུ་ཚ་བོ་དེ་ཡང་བདེ་སྐྱིད་སྦྱིན་བྱེད་ཅིག་ཏུ་གྱུར། ཁྲུས་ཁང་གི་སྒེའུ་ཁུང་ལས་ཁྭ་ཏ་ཞིག་གིས་མཆུ་བར་དུ་ཟས་ལྷག་ཅིག་བཟུང་ནས་ག་ཤེད་ཅིག་ལ་འཕུར་བཞིན་པ་མཐོང་ཞིང་། ནང་ལ་ལོག་ནས་ཅོག་ཙེ་ཞིག་གི་སྟེང་དུ་རང་གི་འདུག་གྲོགས་གྲོག་མ་ནག་ཆུང་ཚོར་ཆུ་ག་གོན་ཞིག་སྦྱིན་ཡོད་པའི་སྟེང་དུ་གྲོག་མ་བརྒྱ་ཕྲག་ཅིག་ནག་རུབ་རུབ་འདུས་བསྡད་ཡོད་པ་མཐོང་།
ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་གྲོགས་པོ་ཨ་རི་བ་ཇེ་ཧྥུ་དང་མཉམ་དུ་བོད་པ་རིག་འཛིན་གྱི་ཁང་པར་བསྐྱོད་ཅིང་། དེ་ནས་སྐུ་ཞབས་བགྲེས་སོང་ཁོང་དང་རིག་འཛིན་གྱི་སྐྱེས་སྨན་དང་བུ་མོ་བཅས་ངོ་ཤེས་བུད་མེད་ཅིག་སྦྱིན་བདག་ཡིན་པའི་མེག་སི་ཀོའི་ཟ་ཁང་ཞིག་ཏུ་སོང་།
ཟ་ཁང་འདིའི་ནང་དུ་འགྲུལ་བའི་འཚང་ཁ་ཧ་ཅང་ཆེ་ན་ཡང་། ངེད་ཅག་གིས་ཅོག་ཙེ་ཞིག་སྔོན་མངགས་བྱས་ཡོད་པས་གྲལ་རིང་བོ་ཞིག་བསྒྲིགས་མ་དགོས་པར་ཐད་ཀར་སོང་ནས་ཟ་མ་ཞིག་མངགས་རྗེས་སྐུ་ཞབས་བགྲེས་སོང་དང་མཉམ་དུ་ཁ་བརྡ་གློད། ཁོང་ཨ་རིའི་རྒྱལ་སའི་དུས་དབང་སྐབས་ཀྱང་མཇལ་སོང་ལ། དེ་རྗེས་ཉིག་ཡོར་དང་ཁ་ལི་ཧྥོ་ནིས་ཡ་སོགས་སུ་བཞུགས་འདུག ཁོང་གི་མི་ཚེའི་སྐོར་དེབ་གྲགས་ཅན་དེ་འདྲ་ཐོན་ཡོད་ལ་ན་ནིང་གློག་བརྙན་ཞིག་ཀྱང་བཟོས་འདུག ཁོང་དགུང་ལོ་བརྒྱད་ཅུར་ཕེབས་ཡོད་ན་ཡང་ཡར་མར་ཕེབ་དུས་གཞོན་ནུ་ལྟར་གྱི་ལྡེམ་མྱུར་འདུག་པས་ཧ་ལས་སོང་།
ཁོང་གིས་རྒྱ་གར་ནུབ་བྱང་གི་ཆོས་ཀྱི་མགྲོན་ས་ཞེས་པའི་རི་གྲོང་དེར་ཁང་མིག་ཆུང་ཆུང་རང་ཉིད་ལ་དབང་བ་ཞིག་བསྐྲུན་ཡོད་པ་དེའི་ནང་དུ་ཞབས་ཞུ་བ་ཅི་ཡང་མེད་པར་བཞུགས་ཡོད་ཚུལ་དང་། ཞོགས་པ་སྔ་བོ་ཆུ་ཚོད་བཞི་པ་ཙམ་ལ་ཡར་བཞེངས་ཏེ་ཕྱག་མཆོད་འབུལ་དང་དགེ་སློང་གི་དུས་དྲན་སོགས་བྱེད་པ་དང་། ཉིན་རེར་ལན་རེར་ཟ་མ་ཐུན་གཉིས་དང་ལན་རེར་ཐུན་གསུམ་ལ་མཆོད་ཅིང་། དགོང་མོ་རྟག་པར་འཐེན་ཐུག་བག་ཐུག་སོགས་རེས་མོས་ཀྱིས་བཟོ་གི་ཡོད་གསུངས་སོང་།
ཟ་ཁང་འདིའི་ནང་གི་སྒོའི་ཡ་ཐོད་དུ་གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་གཟི་བརྗིད་འབར་བ་ཞིག་བཀལ་འདུག་ཅིང་། རྩིགས་པའི་སྟོད་ངོས་ཀྱི་མཛེས་རྒྱན་སྐུ་བརྙན་དུ་མའི་ཁྲོད་དུ་སྟོན་པ་སངས་རྒྱས་དང་ཡེ་ཤུའི་མ་ཡུམ་སོགས་ཀྱི་འདྲ་པར་བཤམས་ཡོད་པ་དང་། རྩིགས་ལྡེབ་ཀྱི་རི་མོ་སྙིང་རྗེ་བོ་དེ་ཚོ་ཟླ་བ་གསུམ་རེའི་ནང་ཚར་རེ་བརྗེ་གི་ཡོད་ཅེས་སྦྱིན་བདག་མོས་བརྗོད་སོང་། མེག་སི་ཀོའི་ཟ་མ་ནི་བོད་རིགས་ལ་འཕྲོད་ཤོས་ཤིག་ཡིན་པ་སྟེ་ཟ་མ་མང་ཤོས་ཀྱི་ནང་དུ་ཤ་མང་ཐག་ཆོད་ཅིག་ཡོད་ཅིང་། ངེད་ཅག་གིས་རང་རང་གི་འདོད་མོས་བཞིན་ཟ་མ་ཞིམ་ཐག་ཆོད་པ་རེ་ཟོས་རྗེས་ཆར་ཟིམ་ཞིག་གི་ཀློང་ནས་ཕྱིར་རང་གནས་སུ་ལོག

0 བསམ་ཚུལ་འདོན་པ།:

Post a Comment