ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday 6 October 2011
nubling1
ཀླུ་སྨྱོན།
ཆུ་ཚོད་བརྒྱད་པ་ཙམ་ལ་ཡར་ ལངས། སྒེའུ་ཁུང་ལས་ཆར་སྤྲིན་སྟུག་པོ་ཞིག་ཁ་སང་བཞིན་མཐོང་། མདང་ནུབ་མཚན་གང་ཆར་བ་བབས་ཤིང་ཆར་རྡོག་དག་གིས་སྒེའུ་ཁུང་གི་ངོས་སུ་རྡེག་པའི་ སྒྲ་གསལ་ལ་མི་གསལ་བ་ཞིག་གིས་གཉིད་གུང་ནས་ཡང་ཡང་སད་པར་བྱས།
གློག་ཀླད་ལ་སྐྱོན་ཕྲན་བུ་ ཞིག་འདུག་པས་དྲུང་ཡིག་གློག་ཀླད་མཁས་པ་དེའི་རྩར་བཅར། ཁོས་གློག་ཀླད་གཙང་མ་བཟོ་བའི་རིང་ཞོགས་ཇ་ཞིག་བཏུངས་ཤིང་། དེ་རྗེས་ཁོ་དང་མཉམ་དུ་རང་གི་མི་ཚེའི་ལོ་རྒྱུས་རྒྱལ་ཁབ་མེད་པའི་མི་དབྱིན་ སྒྱུར་དེབ་དེའི་རྒྱབ་ཤོག་ཇུས་འགོད་བྱས། ཁོ་ནི་གློག་ཀླད་མཁས་པ་རྩེ་གྲས་དེ་འདྲ་ཞིག་ཡིན་པས་དུས་ཚོད་ཐུང་ཐུང་ཞིག་གི་ ནང་དེབ་དེའི་རྒྱབ་ཤོག་སྙིང་རྗེ་བོ་ཞིག་ཇུས་འགོད་བྱས་སོང་།

དེ་རྗེས་དཔེ་མཛོད་ཁང་གི་ སྟོད་དུ་ཡོད་པའི་དཔེ་སྒྲོམ་དག་ལས་ས་སྐྱའི་བདག་ཆེན་ཨ་མེས་ཀུན་དགའ་བསོད་ནམས་ ཀྱི་གསུང་འབུམ་དེབ་སུམ་ཅུ་ལོངས་པ་ཞིག་ཡོད་པའི་རེ་རེ་བཞིན་གླེགས་ཐག་གིས་ བསྒྲིལ། ཁོ་བོ་བལ་ཡུལ་དུ་ཡོད་དུས་གསུང་འབུམ་འདི་ཚང་མའི་ཞུ་ཆེན་པ་བྱས་ཀྱང་གསུང་དེབ་ གཅིག་གི་མཇུག་ཏུ་ཡང་ཁོ་བོའི་མིང་ཙམ་ཡང་བཞག་མི་འདུག འཛམ་གླིང་སྤྱི་སྲོལ་བཞིན་བྱས་ན་འདི་ནི་སྒྲིག་ཁྲིམས་གང་ཞིག་དང་འགལ་ཡོད་ཐག་ ཆོད་ཀྱང་། བོད་པའི་ལུགས་སྲོལ་ལ་སྐད་ཆ་འདི་རིགས་བཤད་ས་དེ་ཙམ་མེད།
དེ་ནས་གློག་ཀླད་གཙང་མ་ བྱས་ཟིན་པ་དེའི་ནང་ནས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གིས་ཁོ་བོར་བཅར་འདྲི་ བྱས་པ་དེ་ལ་ཚར་གཅིག་ཉན་རྗེས། དེའི་དྲ་ཐག་དེ་ཁ་བརྡ་དྲ་རྒྱ་དང་དུས་བབ་ཀྱི་རང་གི་ཟིན་བྲིས་གཉིས་སུ་བཞག རང་གི་གྲོགས་པོ་རེ་ཟུང་ལ་ཡང་དྲ་ཐག་དེ་བསྐུར་བས་ཁོ་ཚོས་ཀྱང་དྲི་ལན་ཡག་པོ་ བཏབ་འདུག་ཅེས་བརྗོད་བྱུང་།
དེ་ནས་ཐབ་ཚང་དུ་སོང་སྟེ་ སྔོ་ཚལ་ཆུ་བཙོས་ཤིག་གིས་ཉིན་གུང་གི་ཟ་མ་འཐུས་པར་བྱས་རྗེས། ཨ་རི་བ་སྔགས་འཆང་ཞིག་ཡོད་པའི་རླངས་འཁོར་ལ་བསྡད་དེ་མཐོ་སློབ་ཅིག་ཏུ་བོད་པའི་ བྱིས་པའི་ཐེབས་རྩ་ཞིག་གིས་ཞལ་འདེབས་བསྡུ་ཚོགས་ལ་བསྐྱོད་དེ་ཨ་རི་བ་སུམ་ཅུ་ སྐོར་ཞིག་ལ་རང་གི་བྱིས་པའི་གནས་སྐབས་ཀྱི་སྐྱོ་སྒྲུང་ཞིག་དབྱིན་སྐད་ཆག་རོ་མ་ སྤྱད་དེ་བརྗོད་ཅིང་མཇུག་ཏུ་དྲི་བ་དྲི་ལན་བྱས།
དེ་ཚར་ནས་ཕྱིར་ལོག་སྟེ་ཁ་ སང་དཔེ་མཛོད་ཁང་ནས་གཡར་བའི་གློག་བརྙན་འོད་སྡེར་དག་ལས་<<ང་ལ་འོས་ཤོག་བླུག་ རོགས་>>ཞེས་པའི་རྒྱ་ནག་ཝུ་ཧན་གྱི་བྱིས་པའི་སློབ་ཆུང་ཞིག་གི་དངོས་བཤུས་གློག་ བརྙན་ཞིག་ལ་བལྟས། དེའི་ནང་དུ་ཆེས་ཐོག་མར་སློབ་ཆུང་དེའི་སློབ་མ་ཚོས་འཛིན་གྲྭའི་རྒན་བདག་ཅིག་ མང་མོས་འོས་བསྡུ་བྱས་ཤིང་། འགྲན་ཞུགས་པ་བུ་གཉིས་དང་བུ་མོ་ཞིག་འདུག དེ་ནི་ཆེས་ཡིད་དབང་འཕྲོག་པ་ཞིག་འདུག་སྟེ། སློབ་མ་བུ་དེ་གཉིས་འཛིན་གྲོགས་རེ་རེའི་རྩར་སོང་ནས་འོས་ཤོག་བསླངས་པ་དང་། བུ་རྒྱགས་པ་ཁྲེང་ཞེས་པ་དེས་ཅུང་རྩུབ་མོའི་སྒོ་ནས་འོས་ཤོག་བསླངས་སོང་ལ། བུ་སྐམ་པོ་ལིས་ཞེས་པ་དེས་འཛིན་གྲོགས་ཚོ་སྤྱི་གླིང་ལ་ཁྲིད་པ་སོགས་ཞི་འཇམ་ གྱི་སྒོ་ནས་བསླངས་སོང་། ཁོ་གཉིས་མཉམ་རུབ་ཀྱིས་བུ་མོ་དེ་ཟུར་དུ་འབུད་ཅི་ཐུབ་བྱས་པ་དང་། ཁོ་གཉིས་ཀྱི་བྱེད་སྟངས་དེས་བུ་མོ་ཆུང་ཆུང་དེ་ངུ་ཤོར་དགོས་པ་ཞིག་བཟོས་རྗེས། ཡང་སྐྱར་དགེ་རྒན་གྱི་སློབ་སྟོན་འོག་ཁོ་གཉིས་ཀྱིས་ངུ་ཞོར་དུ་བུ་མོ་ཆུང་ཆུང་ དེར་དགོངས་དག་ཞུས་ཞིང་། འཛིན་གྲོགས་ཆུང་ཆུང་མང་པོ་ཞིག་གིས་ཀྱང་ངུ་བཞིན་དུ་བུ་མོ་ཆུང་ཆུང་དེར་དགོངས་ དག་ཞུས་སོང་། སྐབས་འདིར་ཁོ་བོ་ཡང་བྱིས་པ་ཆུང་ཆུང་འདི་ཚོས་གཅིག་གིས་གཅིག་ལ་དགོངས་དག་ཞུས་ པའི་སྣང་ཚུལ་སྙིང་རྗེ་བོ་དེས་རང་དབང་མེད་པར་ངུ་ཤོར་སོང་། དེ་ཡང་འཛམ་གླིང་སྟེང་གི་འགྲོ་བ་མི་དག་གིས་གཅིག་གིས་གཅིག་ལ་དགོངས་དག་ཞུ་བའི་ རིག་གཞུང་འདི་ལ་སློབ་སྦྱོང་དང་ལག་ལེན་རེ་བྱེད་ཐུབ་ཚེ། ང་ཚོའི་དཀའ་རྙོག་དྲག་པོ་འདི་ཅུང་ཟད་ཉུང་དུ་ལོས་འགྲོ་བསམ་པ་ཞིག་བྱུང་། ཡང་ཁོ་གསུམ་བཤད་སྟེགས་སྟེང་འཛེགས་ཏེ་གལ་སྲིད་སུ་ཞིག་ལ་རྒན་བདག་གི་འོས་ཤོག་ ཐོབ་ན་འཛིན་གྲྭ་ལ་ཕན་པའི་ལས་ཀ་འདི་འདྲ་དང་དེ་འདྲ་བསྒྲུབ་ཀི་ཡིན་པས། འཛིན་གྲོགས་ཚང་མས་ང་ལ་འོས་ཤོག་བླུག་རོགས་ཞེས་བརྗོད་སོང་།
ད་དུང་ཡིད་འགུལ་ཐེབས་པ་ ཞིག་ནི། འོས་མི་ཆུང་ཆུང་དེ་གསུམ་གྱི་ཕ་མ་ཚོས་རང་རང་གི་བུ་ཕྲུག་དག་ལ་འོས་བསྡུའི་ སྐབས་སྐད་ཆ་འདི་ལྟར་བཤད་དགོས་དང་རྣམ་འགྱུར་འདི་འདྲ་སྟོན་དགོས་སོགས་ཀྱི་ བསླབ་བྱ་སེམས་འགུལ་ཐེབས་པ་གང་མང་ཞིག་བརྗོད་སོང་ལ། ད་དུང་བུ་རྒྱགས་པ་དེའི་ཕ་རྒན་གྱིས་ཁྱོད་འོས་བསྡུ་འདི་འདྲ་ཞིག་ལས་རྒྱལ་མི་ ཐུབ་ན་མ་འོངས་པར་སྲིད་འཛིན་ཧུའུ་ཅིན་ཐོ་ནང་བཞིན་ཞིག་ག་ལ་ཆགས་ཐུབ་ཅེས་ཀྱང་ བརྗོད་ནས་བྱིས་པའི་ངར་ཤུགས་སྤེལ་སོང་།
མཐའ་མའི་འགྲན་བསྡུར་གྱི་ ཉིན་མོ་དེ་དངོས་སུ་བསླེབས་སོང་། བུ་རྒྱགས་པ་ཁ་མཁས་དེས་རང་གི་སྐད་ཆ་བཤད་རྩལ་ངོམ་ནས་འོས་མི་དག་ཚུར་འགུག་ཐབས་ བྱེད་པ་དང་། བུ་སྐམ་པོ་དེས་དུས་སྟོན་ག་གེ་མོ་ཞིག་མགྱོགས་པོར་བསླེབ་གྲབས་ཡོད་པས། སློབ་གྲོགས་ཚོར་རྔན་པ་ཆུང་ཆུང་རེ་ཡོད་ཅེས་ཤོག་ཁུག་སྙིང་རྗེ་བོ་རེ་རེ་འཛིན་ གྲོགས་ཚོར་སྤྲད་སོང་། མཐའ་མར་བུ་སྐམ་པོ་དེར་འོས་ཤོག་ཉི་ཤུ་རྩ་ལྔ་དང་། བུ་མོ་དེར་ལྔ། བུ་རྒྱགས་པར་འོས་ཤོག་བརྒྱད་ལས་མ་ཐོབ་པའི་བསྡུར་ཚད་ལས། བུ་སྐམ་པོ་དེ་ལ་འཛིན་གྲྭའི་རྒན་བདག་གི་གོ་ས་ཐོབ། བུ་རྒྱགས་པའི་ཕྱོགས་གཏོགས་བུ་ཞིག་དང་བུ་མོ་ཞིག་སྐད་ཤུགས་ཆེན་པོས་ངུས་སོང་ལ། བུ་རྒྱགས་པ་དང་དང་བུ་མོ་དེ་གཉིས་ཀྱང་ངུས་སོང་། བུ་རྒྱགས་པའི་ཨ་མས་ཁོ་ལ་མ་ངུ་དང་མ་འོངས་པར་ཡང་སྐྱར་འགྲན་བསྡུར་ནང་ཞུགས་ཆོག་ གི་རེད་ཅེས་སློབ་གསོ་བཏང་།
གློག་བརྙན་དེ་ཚར་རྗེས་ ཁྲུང་ཁང་དུ་འཛུལ་ནས་ཆུ་ཚ་བོ་ཞིག་གིས་གཟུགས་པོ་བཀྲུས་ཤིང་། ཆུ་གྲང་མོ་ཞིག་གིས་གདོང་དང་མགོ་བོ་བཀྲུས་པས་ངལ་དུབ་སངས་པའི་སྣང་བ་ཞིག་ཀྱང་ སྐྱེས་སོང་། ཆར་སིམ་ཞིག་མུ་མཐུད་དེ་འབབ་བཞིན་འདུག་ལ་ཅོག་ཙེིའི་སྟེང་གི་ཆུ་ག་གོན་ངོས་ ཀྱི་གྲོག་མ་དག་ཇེ་མང་དུ་སོང་འདུག་པས། ཁང་མིག་ཕར་ཕྱོགས་དེའི་ནང་ནས་རྒྱལ་རབས་གསར་པའི་མེ་ལོང་རྩོམ་པ་པོ་ས་སྐྱའི་བླ་ མ་དམ་པ་བསོད་ནམས་རྒྱ་མཚན་གྱི་གསུང་འབུམ་ཁྲོད་ནས་པར་སློག་བརྒྱབ་པའི་སངས་ རྒྱས་ཀྱི་མཚན་འབུམ་ཞེས་པའི་གླེགས་བམ་དེ་ཁྱེར་ཡོང་ནས་གྲོག་མ་ཚོའི་ཀླད་དེར་ གཡོབ་ཙམ་བྱས་ནས་ཁོ་ཚོའི་རྒྱུད་ལ་ཐར་པའི་བག་ཆགས་ཁྱད་པར་ཅན་རེ་འཇོག་ཐུབ་པའི་ སྨོན་ལམ་བཏབ་ཅིང་། གནམ་གཤིས་འདི་འདྲའི་གྲང་མོ་ཞིག་གི་ནང་དུ་ཁོ་ཚོ་ངའི་མགྲོན་པོར་བསླེབས་པ་དེར་ ཐུགས་རྗེ་ཆེ་ཞེས་ཀྱང་བརྗོད་པར་ཐལ།
ཤོད་དུ་བབས་ནས་སྔོ་ཚོད་ ཆུ་བཅོས་ཤིག་དང་བག་ལེབ་ཅིག་དགོང་ཟས་སུ་ཟོས། རྒྱལ་སར་ཡོད་པའི་གྲོགས་པོ་འབྲུག་ཆུ་འཇམ་དབྱངས་ལགས་ཀྱི་ཁ་པར་ཡོང་ནས་གནམ་ གཤིས་སོགས་ཀྱི་སྐོར་ཁ་བརྡ་ཏོག་ཙམ་བྱས། དེ་རིང་ཡར་ངོའི་ཚེས་བཅུ་ཡིན་པས་ཆུ་ཚོད་བརྒྱད་པར་ཚོགས་མི་སྐོར་ཞིག་མཉམ་དུ་ འཛོམས་ནས་གུ་རུ་རིན་པོ་ཆེའི་ཚོགས་མཆོད་ཅིག་བཏོན་ཅིང་། བཛྲ་གུ་རུའི་འཛབ་དབྱངས་རིང་བོར་འཐེན་བཞིན་སློབ་དཔོན་བཀའ་དྲིན་ཅན་ཁོང་མདུན་ ཐད་ཀྱི་ནམ་མཁའ་དེར་དངོས་སུ་བཞུགས་ཡོད་པའི་ཚོར་སྣང་ཞིག་ཀྱང་བསླེབས། དེ་ནི་བག་ཆགས་ཤིག་གིས་ཡིན་པ་ལས་གཞན་ཅི་ཡང་མིན།  ཁོང་དང་ཀླུ་སྒྲུབ་གཉིས་ནི་རྒྱ་གར་བ་ཚོའི་ཁྲོད་ནས་བོད་པར་བག་ཆགས་ཆེ་ཤོས་གཉིས་ཡིན། ཁོང་གིས་བོད་ཀྱི་ལྷ་མི་གདུག་པ་ཅན་དག་བཏུལ་ཅིང་ས་གཞི་ལ་བྱིན་རླབས་བསྩལ། བྲག་ལ་ཞབས་ཕྲག་གི་རྗེས་བཞག་ཅིང་གཏེར་དངོས་དུ་མ་ཞིག་མདོ་དབུས་ཁམས་གསུམ་དུ་གྱི་རི་བྲག་མཚོ་ཀློང་སོགས་སུ་སྦས་པར་མཛད། ང་ཤི་རྗེས་ཁོང་ལ་ཅིག་ཐུག་ན་འདོད་ཀྱང་དེ་ཡང་ས་ཆ་གཞན་ཞིག་ཏུ་འགྲོ་བའི་ལམ་ཁར་ཐུག་འཕྲད་ཙམ་བྱེད་ན་འདོད་པ་ལས་ཁོང་གི་སྦས་ཡུལ་དེར་དུས་གཏན་དུ་སྡོད་འདོད་དེ་ཙམ་མེད། ང་ལ་འཆར་གཞི་གཞན་ཞིག་ཡོད།
དེ་རྗེས་ཐབ་ཚང་དུ་སོང་བ་ ན་ནུབ་གླིང་གི་བོད་རྩོམ་སྒྲིག་པས་ཡིག་ལྐོགས་ཆེན་པོ་ཞིག་བསྐུར་འདུག ཁ་ཕྱེས་པ་ན་ནུབ་གླིང་གི་བོད་ཅེས་པར་ཨ་རིའི་བོད་ཡིག་ཚགས་པར་འདོན་ཐེངས་དང་པོ་ དེའི་པར་ཐེངས་གཉིས་པ་ཞིག་བསྐུར་འདུག པར་ངོས་དང་པོར་རྒྱལ་སའི་དུས་དབང་གི་སྐོར་དང་གོང་ས་མཆོག་དང་ཨོ་སྦ་མའི་མཇལ་ འཕྲད། གཉིས་པ་དང་གསུམ་པར་རྩོམ་པ་པོ་འཇམ་དབྱངས་ནོར་བུས་ཨ་རིའི་ཁ་ལི་ར་སྒྲོ་ཞིང་ ཆེན་དུ་རྟེན་གཞི་བྱས་པའི་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་སྤྱི་ལོ་༡༩༥༨ནས་མགོ་ འཛུགས་ཀྱིས་བོད་པ་ཚོར་གསང་བའི་དམག་དོན་སྦྱོང་བརྡར་སྤྲད་ཡུལ་དེར་ཁོ་རང་དྲན་ རྟེན་ཚོགས་འདུ་ཞིག་ལ་བསྐྱོད་པའི་སྐོར་བྲིས་པའི་རྩོམ་ཡིག་རིང་པོ<<རི་མཐོན་པོ་དྲན་གླུ་>>ཞེས་པ་ཞིག་ཡོད་པ་དང་། དེའི་ནང་གི་ཚིག་དུམ་ཞིག་ནི། བོད་ མི་ཚོ་གནམ་མཆོང་རྒྱག་སྐབས་ཁོ་ཚོས་སྐད་འབོད་བྱེད་བཞིན་ཁ་ལོ་བསྒྱུར་བ་དང་། ནམ་མཁའ་ནས་མར་འབབ་ཞོར་ཕན་ཚུན་རྗེས་འདེད་གཏོང་བ་དང་གད་མོ་དགོད་པ། ཕན་ཚུན་འཛིན་རེས་བྱེད་པ་སོགས་འཇིགས་སུ་རུང་བའི་དུས་སྐབས་ཤིག་རེད་ཅེས་དང་། སློབ་སྟོན་པ་ཚོས་འདི་འདྲའི་སྙིང་སྟོབས་ཆེན་པོ་ཞིག་ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་གཞན་ལ་རྩ་བ་ནས་མཐོང་མྱོང་མེད་ཅེས་བརྗོད་པ་ཞིག་འདུགཔར་ངོས་བཞི་པ་དེར་ཁོ་བོས་དུས་དབང་གི་མཐོང་ཐོས་བྲིས་པའི་རྩོམ་ཡིག་<<ཨ་རིའི་རྒྱལ་སའི་ནང་དུས་དབང་དང་བོད་ཀྱི་རྣམ་པ་>>ཞེས་ པ་དེ་བཀོད་འདུག ནུབ་གླིང་གི་བོད་འདི་ནི་གོང་བརྗོད་ལྟར་ནུབ་གླིང་གི་བོད་ཡིག་གསར་ཤོག་གཅིག་ བུ་དེ་ཡིན་པས་བོད་པ་ཚོས་དངུལ་དང་རྩོམ་ཡིག་གི་རྒྱབ་སྐྱོར་བྱེད་རྒྱུ་དེ་ཧ་ཅང་ གལ་ཆེན་པོར་མཐོང་།
ཕྱི་རོལ་ཏུ་མུན་རུབ་ནས་ རྒྱུན་རིང་འགོར། བརྙན་འཕྲིན་ལས་ཨ་རིའི་རྒྱལ་ཡོངས་སུ་ཁྱབ་པའི་མ་རྐང་ཁྲོམ་རར་ངོ་རྒོལ་བ་ཚོ་དང་ ཉེན་རྟོག་པ་གདོང་གཏུགས་ཀྱི་སྐོར་དང་། སྲིད་འཛིན་ཨོ་སྦ་མས་ཁོང་ཡང་ངོ་རྒོལ་ཁྲོམ་སྐོར་བ་ཚོའི་ཕྱོགས་སུ་ལངས་ཡོད་ཅེས་ གཏམ་བཤད་སྤེལ་བ་ཞིག་བསྟན་སོང་། ཡང་ཨ་ཧྥུ་རྒན་དུ་ཡོད་པའི་ཨ་རིའི་དམག་མི་ཚོས་འཕྲུལ་ཆས་གསར་པ་ཞིག་སྤྱད་ནས་ས་ འོག་འགད་རྫས་ལས་སླ་བོར་རྙེད་ཐུབ་ཀི་ཡོད་པའི་སྐོར་ཞིག་ཀྱང་བསྟན་སོང་ལ། ཡང་ཨ་སྒོར་སུམ་ཁྲི་དགུ་སྟོང་གི་གོང་ཚད་ཅན་གྱི་བུད་མེད་ཀྱི་ལག་ཁུག་ཅིག་ཀྱང་ བསྟན་སོང་།

0 བསམ་ཚུལ་འདོན་པ།:

Post a Comment