ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Wednesday 19 October 2011
dscn4580
ཐོ་རེངས་ཆུ་ཚོད་ལྔ་བ་ཙམ་ ལ་གཅིན་པ་གཏོང་རྒྱུ་ཡོང་སྟེ་གཉིད་ལས་སད་བྱུང་བས། གསང་སྤྱོད་དུ་ཐེངས་ཤིག་སོང་རྗེས་ཡང་སྐྱར་ཉལ་བསྡད་པ་ཡིན། རྨི་ལམ་ནང་དུ་ཕ་ཡུལ་ལ་བསླེབས་འདུག་ཅིང་། ཁོ་བོ་བྱིས་པ་ཡིན་དུས་ངེད་ཚང་གི་རུ་བ་འབབ་སའི་ལུང་གཞོང་ཞིག་ཡོད་པ་དེ་ བསྙེགས་ནས་འགྲོ་བཞིན་འདུག་ཅིང་། དེར་བསླེབས་པ་ན་གསེར་རྟ་དགོན་པ་ཡིན་ཞེས་པའི་དགོན་ཆེན་ཕ་མཐའ་མི་མངོན་པ་ཞིག་ ཏུ་འབྱོར་སོང་། དགོན་འདབས་ནས་རྙིང་མའི་མཁས་ཆེན་འཇུ་མི་ཕམ་པའི་ཚ་བོ་ཡིན་ཟེར་བའི་གྲྭ་གཞོན་ མཛེས་སྡུག་ལྟ་བས་མི་ངོམས་པ་ཞིག་གིས་བསུ་བ་འདྲ་ཞིག་བྱས་ཏེ་དགོན་ནང་ཁྲིད་ ཅིང་། གྲྭ་ཤག་ཅེས་པ་ཞིག་མི་མངོན་པར་མཆོད་རྟེན་ཆེན་པོ་ཕྱི་ངོས་ཤེལ་སྒོས་གཡོགས་པ་ དང་རྡོ་བརྩིགས་ཅན་ཤ་སྟག་གི་བར་གསེང་ཞིག་ལ་བསླེབས་ཤིང་། མཆོད་རྟེན་རེ་རེ་ས་རྡོ་ཡིན་པའི་འདུ་ཤེས་མེད་པར་དེ་དག་ལ་གཟི་བརྗིད་དང་ནུས་ཤུགས་ཁྱད་པར་བ་ ཞིག་འདུག

ཁ་པར་གྱི་སིལ་སྒྲ་ཞིག་ གིས་གཉིད་ལས་སད་དུས་ཆུ་ཚོད་དགུ་བ་ཟིན་གྲབ་རེད་འདུག ཉིག་ཡོར་དུ་བཞུགས་པའི་གྲོགས་པོ་ཞིག་གིས་ཐེངས་འདིའི་ཀླུ་སྨྱོན་རྩོམ་རིག་བྱ་ དགའི་དངུལ་གྱི་སྦྱིན་བདག་གནང་བ་དེས་དངུལ་དེ་བསྐུར་གྱི་ཡིན་པས་ཁྱེད་ཀྱི་མིང་ གི་དག་ཆ་ལབ་རོགས་ཟེར་གི་འདུག ཁྲུས་བརྒྱབ་རྗེས་མཆོད་པ་བཤམས་ཏེ་སྤོས་སྤར་གྲབ་བྱེད་དུས་ཁ་སང་བཞིན་མེ་ཆས་དེ་ རྙེད་མ་སོང་། དེ་རིང་དེ་ངེས་པར་དུ་རྙེད་པ་ཞིག་བྱེད་དགོས། སྒོ་རྡུང་མཁན་ཞིག་འདུག་པར་སྒོ་ཕྱེ་བ་ན་ཚོགས་པའི་དྲུང་ཡིག་བུ་མོ་དེ་རེད་ལ། ལོ་རྗེས་མའི་ལོ་རྟགས་སྲོག་ཆགས་དང་དེའི་ཁམས་དང་ཕོ་མོ་ག་རེ་ཡིན་མིན་འདྲི་གི་ འདུག་པས། ལྕགས་ཕོ་འབྲུག་ལོ་རེད་ཅེས་བརྗོད། བླ་མ་ཚང་གིས་ཁོང་གི་ལས་ཁུངས་ལ་སྐད་བཏང་སྟེ་ལོ་སྐོར་བཅུ་གཉིས་རྩི་དུས་རི་ བོང་ཞེས་མི་རྩི་བར་ཡོས་ཞེས་རྩི་དོན་ག་རེ་རེད་ཅེས་བཀའ་འདྲི་གནང་སོང་བར། ཐོག་མར་རྒྱ་ལུགས་ལོ་སྐོར་བཅུ་གཉིས་རྩི་བའི་རྩིས་རིགས་འདི་དར་དུས་བོད་ཡུལ་ དུ་རི་བོང་མི་ཟེར་བར་ཡོས་ཞེས་འབོད་པ་ཡིན་ནམ་ཞེས་པ་ལས། ལན་དོན་མཐུན་ཞིག་འབུལ་རྒྱུ་མ་རྙེད་པར་མཛུབ་མོ་ཁ་ནང་ལ་བརྒྱུས་ནས་སྡོད་དགོས་ པ་ཞིག་བྱུང་སོང་།
ཞོགས་ཇ་ཞིག་འཐུང་རྗེས་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ཤོག་བྱང་ཞིག་ཀྱང་ཇུས་འགོད་བྱས་ཤིང་།
ཆུ་ཚོད་དང་པོ་བར་དུ་ཉལ་ སའི་ནང་ཉི་འོད་ཕྲན་བུ་དེའི་ཀློང་དུ་གཅེར་ཉལ་བྱས་ནས་བསྡད། དེ་ནས་ཤོད་དུ་སོང་སྟེ་རང་གི་སློབ་ཕྲུག་བསོད་ནམས་ཚེ་འཛོམས་དང་མཉམ་དུ་ལྷ་གཡག་ གི་རྣམ་ཤེས་ཞེས་པའི་བརྩམས་སྒྲུང་དེ་དབྱིན་སྒྱུར་མུ་མཐུད་དེ་བྱས། མོས་དབྱིན་སྒྲུང་བརྒྱ་ཕྲག་བརྒལ་བ་ཞིག་བཀླགས་ཚར་ཡོད་པས། དབྱིན་ཡིག་ནང་ཁོ་བོས་བོད་ཡིག་ཏུ་བྲིས་པ་ལས་ལྷག་པའི་ཁོར་ཡུག་ཞིབ་འབྲི་བྱེད་ ཐུབ་ཀི་འདུག་པས་སྤོབས་པ་འདྲ་ཞིག་སྐྱེས།
དེ་རྗེས་ཉིན་འགའི་སྔོན་ གྱི་ཐུག་པ་དེའི་འཕྲོ་མ་དེ་ཚ་བོ་བཟོས་ཏེ་བཏུངས་ཤིང་། གནམ་གཤིས་གློ་བུར་དུ་གྲང་མོ་ཆགས་ནས་རླིག་པ་ཡང་ཁོག་ལ་འཛུལ་འདུག དཔེ་མཛོད་ཁང་དུ་སོང་སྟེ་འོད་སྡེར་གློག་བརྙན་གསུམ་གཡར་ཡོང་། དཔེ་མཛོད་ནང་གི་ཉིག་ཡོར་དུས་བབ་ཚགས་པར་ཞིག་གི་མདུན་ངོས་ནས་བོད་ནང་གི་དེང་སང་གི་གནས་སྟངས་འཁོད་པའི་གསར་འགྱུར་རེ་ཨེ་མཐོང་བལྟས་ཀྱང་ཤོག་ངོས་དང་པོའི་ངོས་སུ་ཨི་ཟི་རལ་གྱི་དམག་མི་དེ་ཕ་ལི་སི་ཐན་རང་བཙན་རྩོད་ལེན་པས་གློད་གྲོལ་བཏང་སྟེ་རང་གི་རྒྱལ་ཁབ་ཏུ་ལོག་དུས་ལུང་པའི་སྲིད་འཛིན་གྱིས་ཕེབ་བསུ་བྱེད་པའི་པར་དང་གསར་འགྱུར་ཞིག་རེད་འདུག་པས། ཨ་རིའི་ནང་རྗུའུ་མི་རིགས་ཀྱི་དབང་ཤེད་ཆེ་བ་དེ་ལྷང་ལ་བུད་འདུག་ཨང་སྙམ་པ་ཞིག་བྱུང་སོང་ལ། ཨ་ནེ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གསར་འགྱུར་ཧ་ཅང་བསྡུས་པ་ཞིག་ཤོག་ངོས་བདུན་པའི་གྲུ་ཟུར་ཞིག་ཏུ་ཧ་ཅང་མངོན་ཆུང་ངང་བཀོད་འདུག་པས། འཛམ་གླིང་གི་ཚགས་པར་སྐད་གྲགས་ཆེ་ཤོས་འདིས་ཀྱང་དེང་སྐབས་བོད་དོན་དེ་མདུན་ཤོག་ནས་རྒྱབ་ཤོག་དང་། རྒྱབ་ཤོག་དང་གྲུ་ཟུར་དུ་དེད་དང་འདེད་བཞིན་པའི་སྣང་ཚུལ་ཡང་རྗེན་པར་རྟོགས། དེ་རིང་གནམ་གཤིས་སྡུག་པོ་ཞིག་བསྟན་ཅིང་བྱ་བྱེའུ་དག་ཀྱང་མཐོང་སར་མི་འདུག་པར་ རྒྱང་རིང་ཞིག་ཏུ་འཕུར་སོང་བ་འདྲ། ལམ་ཁའི་སྙན་ངག་གི་སྒམ་ཆུང་དེའི་ནང་དུ་ཡང་ཤོག་ལྷེ་རྐང་གཅིག་ཀྱང་མེད་པར་སྟོང་ བར་ལུས་འདུག treelese
ཉལ་སའི་ནང་འཛུལ་ཏེ་གློག་བརྙན་གསུམ་ལས་ལྗོན་པ་མེད་པའི་རི་བོ་ཞེས་ པའི་ཁོ་རི་ཡའི་གློག་བརྙན་དེར་བལྟས། ཨ་མ་ཞིག་དང་བུ་མོ་ཆུང་ཆུང་ལོ་བཞི་ཅན་ཞིག་དང་དྲུག་ཅན་ཞིག དགོང་མོར་བུ་མོ་ཆེ་བས་ཉལ་སའི་ནང་གཅིན་པ་བཏང་རྗེས་མུན་ཁྲོད་དུ་ཨ་མ་བོས་ཏེ་ ངའི་ཉལ་ས་རློན་པ་ཆགས་འདུག་ལབ་སོང་བས། ལམ་སེང་རང་ཉིད་བྱིས་པ་ཡིན་དུས་ནམ་གུང་གཅིན་པ་གཏོང་རྒྱུ་ཡོང་སྟེ་གཉིད་ལས་ལས་ དུས། ནག་ཁུང་ནང་དུ་ཨ་མ་ཞེས་ལན་འགའ་རེ་བོས་ཚེ། ཨ་མས་མུན་ཁྲོད་ནས་ཡར་ལོངས་ལ་གོ་འདབས་ཀྱི་ཐལ་བའི་ནང་དུ་གཅིན་པ་ཐོངས་དང་ཨ་མས་ བལྟས་བསྡད་ཡོད་ཟེར་ཐེངས་རེར་ཡར་ལངས་ནས་གོ་བའི་ནང་དུ་གཅིན་པ་གཏོང་ཞོར། ཨ་མས་བལྟས་བསྡད་ཡོད་པས་འདྲེ་ལ་སྐྲག་ཅི་དགོས་བསམས་མྱོང་བ་དེ་ལྷང་ངེར་དྲན་ བྱུང་བས། བྱིས་པའི་གནས་སྐབས་སུ་ཨ་མ་དེ་ཅི་ཙམ་ཞིག་རྩ་ཆེན་པོ་ཡིན་པ་དེ་ཡང་སེམས་ནང་ འཁོར་སོང་། བུ་མོ་ཆུང་ཆུང་གཉིས་ཀྱི་ཨ་མས་ཁོ་གཉིས་ཀྱི་ཨ་ཕ་འཚོལ་དུ་འགྲོ་ཁར་ཁོ་གཉིས་ཨ་ ཕའི་སྲིང་མོའི་སར་བཅོལ་རྗེས། འགྱིག་གིས་བཟོས་པའི་ཕག་པ་ཆུང་ཆུང་སྒལ་བའི་སྟེང་དུ་ཨི་ཁུང་ཡོད་པ་ཞིག་སྤྲད་ དེ་ཉི་མ་རེ་རེ་བཞིན་ཨ་ནེའི་ཁ་ལོངས་དང་ཁྱོད་གཉིས་ལ་ཟངས་སྒོར་ལེབ་མོ་རེ་ སྤྲོད་ཀི་རེད། ནམ་ཞིག་ཕག་པ་འདིའི་ཁོག་པ་ཡོངས་རྫོགས་ཟངས་སྒོར་གྱིས་ཁེངས་དུས་ཨ་མ་ཕྱིར་ལོག་ གི་ཡིན་ལབ་རྗེས་ཕྱོགས་ག་ཤེད་ཅིག་ཏུ་ཕྱིན་སོང་། བྱིས་པ་གཉིས་ཀྱིས་ཉི་མ་རེ་རེ་བཞིན་ཨ་ནེའི་བཀའ་གསུང་ཅི་སྒྲུབ་བྱས་ཏེ་ཟངས་ སྒོར་བསགས་ཀྱང་དེ་ཙམ་མགྱོགས་པོར་འགྱིག་ཕག་གི་ཁོག་པ་ཁེངས་མ་ཐུབ་པས། ཁོ་གཉིས་ཀྱིས་འབུ་ཆ་བ་ག་བཟུང་སྟེ་མེར་བསྲེགས་པ་བཙོངས་ནས་ཟངས་སྒོར་བསགས་པས། ཟླ་བ་འགའ་ལས་མ་སོང་བར་འགྱིག་ཕག་གི་ཁོགས་པ་ཡོངས་རྫོགས་ཁེངས་སོང་། དེ་ནས་ཁོ་གཉིས་ཨ་མ་འགྲོ་ཁར་རླངས་འཁོར་འབབ་ཚིགས་སུ་སྤྱི་སྤྱོད་རླངས་འཁོར་ལ་ བསྡད་ས་དེར་སོང་ནས་ཉིན་གང་ཨ་མར་བསྒུགས་ཀྱང་ཨ་མའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་ བྱུང་ལ། ཐ་ན་ཆེས་མཇུག་མཐའི་རླངས་འཁོར་ནང་ནས་ཀྱང་ཨ་མའི་གཟུགས་བརྙན་ཞིག་མཐོང་རྒྱུ་མ་ བྱུང་བས། བུ་མོ་ཆེ་བས་རང་གི་སྲིང་མོ་ཆུང་ཆུང་དེར་སེམས་པ་མ་སྐྱོ་དང་། ཨ་མ་སང་ཉིན་ཡོང་གི་རེད་ལབ་རྗེས་ནང་ལ་བསྐྱོད། ཉིན་རྗེས་མར་ཡང་ཉིན་གང་བསྒུགས་ཀྱང་ཨ་མ་བསླེབས་རྒྱུ་མེད་པས། ད་གཟོད་ཨ་མས་སྐྱག་རྫུན་ལབ་པ་ཤེས་ནས་སེམས་པ་ཧ་ཅང་སྐྱོ་བར་གྱུར། ཐ་ན་ཨ་ནེ་སེམས་པ་བཟང་མདོག་ཁ་བོ་དེས་ཀྱང་སྐབས་རེར་ཕྱི་རོལ་ནས་ཆང་འཐུངས་ཏེ་ དགོང་ཟས་མི་བཟོ་བར་ཉལ་སྡོད་པས། ཁོ་གཉིས་ལ་ཟ་མ་མི་རག་པའི་དུས་ཀྱང་ཧ་ཅང་མང་། མཐའ་མར་ཨ་ནེ་དེས་ཁོ་གཉིས་ཨ་མའི་ཕ་མ་རྒན་རྒོན་གྲོང་གསེབ་ཅིག་ཏུ་སྡོད་པའི་སར་ བསྐྱལ་པ་དང་། དེ་རུ་བུ་མོ་ཆུང་ཆུང་དེ་གཉིས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རྨོ་མོར་རོགས་པ་བྱས་ ཏེ་ཤིང་འཐུ་བ་དང་ཟ་མ་བཟོ་རོགས་བྱས་ཏེ་ཉི་མ་གང་འཁྱོལ་བྱས་པའི་སྐྱོ་སྒྲུང་ ཞིག་རེད།
བརྙན་འཕྲིན་ལས་རིམ་NOVAལས་སའི་གོ་ལའི་རྒྱབ་ལོགས་ཀྱི་ཚེ་སྲོག་ཅེས་ པ་ཞིག་ལ་བལྟས་ཤིང་། དེ་ལས་ཉི་མའི་མཐའ་སྐོར་གྱི་རྒྱུ་སྐར་མིག་དཀར་དང་ཕུར་བུ་སོགས་ཀྱི་སྟེང་དུ་ ཆུ་ཡོད་མེད་དང་ཆུ་དེའི་ནང་དུ་ཚེ་སྲོག་ཡོད་མེད་ཀྱི་སྐོར་ཞིག་རེད་ལ། ལས་རིམ་འདི་ནི་ངའི་དགའ་སྣང་ཆེ་ཤོས་ཀྱི་ལྟད་མོ་ཞིག་ཡིན། ཁོ་བོས་ལོ་ཤས་སྔོན་སྐར་ཚོགས་ལ་ལྟ་སྤྱད་ཀྱི་རྒྱང་ཤེལ་རྙིང་པ་ཞིག་ཉོས་ཏེ་ དགོང་མོ་མང་པོ་ཞིག་ལ་མཐའ་ཡས་པའི་སྐར་ཚོགས་ལ་རྒྱང་ལྟ་རེ་བྱས་པ་ཡིན།

0 བསམ་ཚུལ་འདོན་པ།:

Post a Comment