ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Friday 21 October 2011
dscn4590
མདང་དགོང་རྨི་ལམ་འགའ་ རྨིས་ཤིང་ཕལ་ཆེ་བ་ངོ་ཤེས་པའི་མི་འགའ་གློ་བུར་དུ་ཤི་སོང་བ་དེ་རེད། ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་བར་དུ་ཉལ་བསྡད་རྗེས་ཡར་ལངས་ཤིང་། གནམ་ངོ་རུབ་ནས་ལྟ་སྲོལ་ཞིག་མི་འདུག་པས་མི་ཁོང་ཁྲོ་ཅན་ཞིག་གི་ངོ་གདོང་ལྟར་ སྣང་། མཆོད་པ་བཤམས་རྗེས་ཡང་སྐྱར་མེ་ཆས་མ་རྙེད་པས་སྤོས་སྤར་མ་ཐུབ། ང་ནི་མི་ལེ་ལོ་ཅན་ཞིག་ཡིན་པས་ལས་ཀ་ཚང་མ་རྗེས་ལ་འཇོག་མཁན་ཞིག་དང་། ཐ་ན་རང་གི་ཟ་མ་ཡང་བཟོ་མི་འདོད་མཁན་ཞིག་ཡིན། གསར་འགྱུར་ཐོག་མ་དེ་ལི་སྦི་ཡའི་སྲིད་ཟུར་མོ་མར་སྒ་རྡ་ཧྥིས་གསོན་བཟུང་གིས་ དམར་གསོད་བཏང་བའི་སྐོར་དེ་རེད་ལ། གསར་འགྱུར་བརྒྱུད་ལམ་ཚང་མའི་ངོས་སུ་ས་སྒྲོག་གནམ་སྒྲོག་བྱེད་བཞིན་འདུག་ཅིང་། ངོ་ལོག་ཤོག་ཁག་གིས་མེ་མདའ་གནམ་ལ་འཕྱར་བཞིན་དགའ་འབོད་བྱེད་བཞིན་འདུག་སྟེ། ལི་སྦི་ཡའི་སྲིད་གཞུང་གསར་བརྗེ་དེ་ཡང་ཨེ་རྗིབ་ཀྱི་གསར་བརྗེ་བཞིན་རྙོག་དྲ་ ཅན་ཞིག་ཏུ་མི་འགྱུར་བའི་གདེང་ཚོད་སུ་ལ་ཡོད། གཞན་རྔ་བའི་ཨ་ནི་བསྟན་འཛིན་གྱི་མེར་བསྲེགས་པའི་ཕུང་པོ་དེ་སྤང་ཁུག་ཅིག་ལ་ཁ་ སྦུབ་ཏུ་འགྱེལ་བསྡད་ཡོད་པ་དེ་མཐོང་བས་སྐྱོ་སྣང་ཟད་མི་ཤེས་པ་ཞིག་སྐྱེས་ བྱུང་།

མཚོ་སྔོན་པོ་ཟིན་བྲིས་སུ་ ནུབ་བྱང་མི་རིགས་སློབ་གླིང་གི་སློབ་མའི་ཚོགས་འདུ་ཞིག་གི་སྟེང་བོད་རིགས་ སློབ་མ་མང་པོས་ཁུ་ཚུར་གནམ་དུ་བསྒྲེངས་ནས། ནང་བསྟན་རྩ་མེད་དུ་གཏོང་དགོས། ཤྰཀྱ་ཐུབ་པ་ཤི་སོང་ལྟ་བུ་རྗེས་ཟློས་ཙམ་བྱེད་པ་ཡང་དཀའ་བའི་ཚོད་དུ་སྣང་བའི་ འབོད་ཚིག་བསྒྲགས་པའི་སྐོར་ཞིག་མཐོང་སྟེ། ད་ཡང་མི་རིགས་ཉམ་ཆུང་འདིའི་མགོ་ལ་ཆོས་ཕྱོགས་ནས་རང་བུ་དགྲ་རུ་སྡང་ཞིང་། སྲིད་ཕྱོགས་ནས་རྒྱ་མི་གཤེད་དུ་བབས་པའི་ཆག་སྒོ་འཇིགས་སུ་རུང་བ་ཞིག་འབྱུང་ས་ རེད་ཨང་བསམ་པའི་དངངས་སྐྲག་ཅིག་ཀྱང་སྐྱེས་སོང་།
སྨུག་པ་འཐིབས་པའི་གསེང་ ནས་ཆར་བ་ཟམ་ཟིམ་ཞིག་རྒྱུན་ཆད་མེད་པར་འབབ་བཞིན་པ་དང་། ཞོགས་ཇ་ཞིང་འཐུངས་རྗེས་རང་རྩོམ་དབྱིན་ཡིག་ཏུ་ཡོད་པ་ཞིག་བོད་སྒྱུར་བྱེད་ བཞིན་བསྡད། ཆུ་ཚོད་དང་པོའི་སྟེང་དུ་རང་སློབ་ཨེ་རིག་དང་མཉམ་དུ་བཀའ་དྲིན་འཁོར་མེད་ཆོས་ ཀྱི་སློབ་དཔོན་དམ་པ་སྐྱབས་རྗེ་འཁྲུལ་ཞིག་རྡོ་རྗེ་འཆང་ཆེན་པོ་མཆོག་དགོངས་པ་ ཞིང་ཁམས་གཞན་དུ་གཏད་དེ་ཞག་ཞེ་དགུ་འཁོར་བའི་དུས་དྲན་ཁྱད་པར་ཅན་ལ་དམིགས་ཏེ་ གུ་རུ་རིན་པོ་ཆེའི་ཚོགས་འཁོར་ཞིག་ཕུལ་བ་དང་། མཇུག་ཏུ་སྐྱབས་རྗེ་ཉིད་ཀྱིས་གསུངས་པའི་ཁོང་གི་འཁྲུངས་རབས་གསོལ་འདེབས་དེ་ཚར་ གཅིག་བཏོན་ཚར་མ་ཐག། ཨེ་རིག་གིས་ངས་མདུན་ཐད་ཀྱི་བར་སྣང་དེར་གུ་རུ་རིན་པོ་ཆེ་བརྒྱུད་པའི་བླ་མས་ བསྐོར་པ་ཞིག་གིས་ཨ་མས་བུ་ལ་བརྩེ་བའི་དགྱེས་ཞལ་དང་བཅས་ཕྱག་གཉིས་ཚུར་རྐྱོང་ བཞིན་པ་ཞིག་མཇལ་བྱུང་། དེ་ནི་ཁྱེད་ཀྱི་དད་པའི་སྟོབས་ཤིག་ཡིན་རྒྱུ་རེད་ཟེར་བས། ངས་ཧ་ཅང་ཡག་པོ་རེད། ཡིན་ཡང་ངས་ནི་གང་ཡང་མཇལ་རྒྱུ་བྱུང་མ་སོང་། ཁྱེད་རང་དད་པ་བརྟན་པས་རྗེ་བླ་མ་ཁོང་གིས་ཟངས་མདོག་དཔལ་གྱི་རི་བོ་ནས་ངེད་ གཉིས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་པ་ཡིན་ངེས་ཞེས་བརྗོད། ཨེ་རིག་འདི་དང་ལོ་ངོ་དགུ་ལ་འགྲོགས་པའི་ཉམས་མྱོང་ལྟར་ན་སྔོན་ཆད་རྫུན་ཚིག་ གཅིག་ཀྱང་ལབ་མྱོང་མེད་པས། དེ་རིང་ཁོས་ངོ་མ་ཞལ་གཟིགས་ཁྱད་པར་བ་ཞིག་མཇལ་ཡོད་ཚོད་འདུག ང་རང་གིས་ནི་ཅི་ཡང་མཇལ་མ་སོང་། ཡིན་ཡང་སྐྱབས་རྗེ་ཁོང་ཞིང་ལ་མ་གཤེགས་པའི་སྔོན་དགོང་མོ་དེར་རྨི་ལམ་ནང་ཁོང་ གིས་བཞུགས་ཁྲི་ཞིག་གི་སྟེང་དུ་ཁོ་བོར་ཕྱག་གཉིས་ཀྱིས་མཇལ་ཁ་ཐེངས་འགར་གནང་བ་ ཞིག་ནི་རྨིས་སོང་།
ཆར་བ་ཟམ་ཟིམ་དེ་འབབ་མཚམས་ བཞག་ཀྱང་གནམ་གཤིས་སྔར་བཞིན་གྲང་ཞིང་སྤྲིན་པ་འཁྲིགས་འདུག འཆར་ཅན་བཞིན་ཁྭ་ཏ་དེ་ཚོ་ཁྱུ་དང་ཁྱུ་བྱས་ནས་ཤར་ཕྱོགས་སུ་འཕུར་བཞིན་འདུག ཕྱི་དྲོའི་དུས་ཚོད་ལྔ་པ་ཡས་མས་ཤིག་ལ་དེ་ཚོ་ཤར་ཕྱོགས་སུ་འཕུར་འགྲོ་བ་ནི་ རྒྱུན་ལྡན་ཞིག་ཡིན་ཞིང་། བྱ་རིགས་འདི་ཚོར་ཁོ་ཚོའི་ཆོས་དང་རིག་གཞུང་གཏིང་ཟབ་མོ་ཞིག་ཡོད་ཚོད་འདུག་ ཅིང་། དེའི་དོན་དུ་སྲོག་བློས་གཏོང་མཁན་ཡང་ཡོད་ཐག་ཆོད་རེད། ཕྱི་རོལ་གྱི་ལྗོན་པ་ལོ་འདབ་ཐོར་དང་འཐོར་བཞིན་པ་དེའི་འཁྲིས་སུ་སོང་སྟེ་ཉིན་ ཐོའི་ནང་འཇོག་རྒྱུའི་པར་ཞིག་བརྒྱབ།
ཚོགས་འཁོར་དེ་ཚར་རྗེས་ ཤོད་ཀྱི་དཔེ་མཛོད་དུ་སོང་སྟེ་ཨེ་རིག་དང་མཉམ་དུ་ངའི་ཆོས་གྲོགས་ཤིག་གིས་བྲིས་ པའི་རྩོམ་ཡིག་ཅིག་དབྱིན་སྒྱུར་བྱས་ཚར་ཡོད་པར་མཐའ་མའི་ཞུ་དག་བྱས་ཤིང་། ཆུ་ཚོད་ལྔ་པ་ཙམ་ལ་དེ་ཚར་དུས་གྲོད་ཁོག་ལྟོགས་ནས་བཟོད་ཐབས་མི་འདུག་པས། གྲོགས་པོ་རེ་ཟུང་ལ་ཁ་པར་བཏང་སྟེ་སོག་པོའི་ཟ་ཁང་དུ་མོ་མོ་དང་ཤ་བག་ལེབ་བཟའ་ རུ་འགྲོ་ལབ་ཀྱང་ཁོ་ཚོ་རེ་རེ་བཞིན་ཁོམ་གྱི་མི་འདུག་པས་རང་ཉིད་གཅིག་བུས་གོམ་ བགྲོད་ཀྱིས་ཐག་ཉེའི་ཟ་ཁང་ཞིག་ཏུ་སོང་སྟེ་འབྲས་དང་སྲན་ཞོ་ཞིག་མི་བཟའ་ཀ་མེད་ དུ་གྱུར། ཟ་མ་ཟོས་ཚར་རྗེས་མུན་ཁྲོད་དུ་གོམ་བགྲོད་ཆུ་ཚོད་ཕྱེད་ཀ་ཙམ་བྱས།
ནང་ལ་ལོག་དུས་དྲ་ངོས་ནས་ རྒྱ་ནག་ས་ཆ་ཞིག་གི་སྲང་ལམ་སྟེ་རླངས་འཁོར་ཞིག་གིས་བུ་མོ་ཆུང་ཆུང་ལོ་གཉིས་ལ་ སོན་པ་ཞིག་འཁོར་ལོས་གཅུར་ཏེ་རྨས་སྐྱོན་ཚབས་ཆེན་བཏང་བའི་སྐོར་གྱི་གསར་འགྱུར་ བལྟ་མི་བཟོད་པ་ཞིག་མཐོང་ཞིང་། མཐའ་མར་བུ་མོ་ཆུང་ཆུང་འཆི་མ་ཐུབ་པར་ལག་པ་འགུལ་བཞིན་ཡོད་པ་དེ་སྨན་ཁང་དུ་ ཁྱེར་ནས་སྨན་བཅོས་བྱེད་བཞིན་པའི་དུས་སུ། ཁོ་བོའི་ཡི་ག་འགག་ཅིང་སེམས་པ་བློང་བློང་བོར་གྱུར་ཏེ། རྒྱ་མི་ཚོ་ཡང་འགྲོ་བ་མིའི་རིགས་གཅིག་པ་ཡིན་པས་བདེ་སྡུག་གི་ཚོར་བ་ཡོད་ཅིང་། ཚོར་བ་དེའི་དོན་དུ་ང་ཚོ་བཞིན་མ་ཤི་བར་དུ་ཟས་གོས་གནས་མལ་འཚོ་ཆེད་དཀའ་ལས་ རྒྱག་དགོས་པའི་སྐོར་ལ་བསམ་བློ་ཞིག་ཀྱང་འཁོར་སོང་།

0 བསམ་ཚུལ་འདོན་པ།:

Post a Comment