ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Saturday 22 October 2011
dscn4591
མདང་དགོང་རྨི་ལམ་འགའ་ རྨིས་པའི་ཁྲོད་ཀྱི་གཅིག་ནི་ཁོ་བོ་བླ་མའི་གདན་ས་རུ་ཡོད་པ་ཞིག་དང་། ཡང་གདན་སའི་མདུན་ཐང་དེར་བསྡད་འདུག་དུས། ལྷོ་ཕྱོགས་ནས་རྒྱ་མཚོའམ་གཙང་ཆེན་ལྟ་བུའི་ཆུ་ཆེན་པོ་ཞིག་ལུད་དེ་གར་འགྲོ་ གཏོད་མེད་དུ་འགྱུར་བཞིན་འདུག་ཅིང་། རྨི་ལམ་འདི་ནི་ཐེངས་མང་པོར་རྨི་བ་ཞིག་ཡིན་ཞིང་འདི་ལ་ནང་དོན་ག་རེ་ཡོད་མེད་ ནི་མ་ཤེས།
ཆུ་ཚོད་བརྒྱད་དང་ཕྱེད་ཀ་ ཡོལ་ཙམ་ལ་གཉིད་སད་དུས། ཕྱི་རོལ་ནས་ཆར་བ་ཤག་ཤག་ཏུ་འབབ་བཞིན་འདུག ས་འདིར་དབྱར་ཁར་ཆར་བ་མི་འབབ་པར་སྟོན་དགུན་གྱི་རིང་འབབ་པ་ཞིག་ཡིན། མཆོད་པ་བཤམས་རྗེས་མེ་ཆས་བཙལ་ཀྱང་མ་རྙེད་པས་དེ་རིང་ཡང་སྤོས་སྤར་ཐུབ་མ་སོང་ བས། དེ་རིང་ངེས་པར་དུ་མེ་ཆས་ཤིག་ཉོ་གི་ཡིན།

ཤོད་དུ་སོང་ནས་ཞོགས་ཇ་ ཞིག་བཏུངས་རྗེས་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ཤོག་བྱང་དེ་བཟོས་ནས་ལེགས་འགྲུབ་ བྱུང་། ཐབ་ཚང་དུ་ཨ་རི་བ་ཨ་ནེ་ངག་དབང་སྒྲོལ་མར་མགོན་པོ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ཤིག་ བརྗོད། དེ་ཡང་ཁོང་ཆུང་དུས་སྒྱུ་མ་མཁན་ཡིན་པའི་སྐོར་དེ་དང་། རྒྱལ་པོ་བདེ་སྤྱོད་བཟང་པོའི་བུས་ཁོང་ལ་དབུ་སྦྱིན་པར་བསླངས་པའི་སྐོར་དེ་ཡིན། མོས་དེ་གཉིས་ཀ་སྔོན་ཆད་ཐོས་མ་མྱོང་ཟེར། ནང་ལ་ཡོང་སྟེ་ཁ་སང་གི་ཤོག་ལྡེབ་འགའི་འཕྲོས་དེ་བོད་སྒྱུར་བྱེད་བཞིན་པའི་དུས་ སུ། དྲུང་ཡིག་གིས་ཐེ་ཝན་ནས་བསྐུར་པའི་ཤོག་ཁུག་ལེབ་མོ་དཀྱུས་སྲིད་ཅུང་རིང་བ་ཞིག་ སྤྲད་བྱུང་བའི་ཁ་ཕྱེས་པ་ན། དེང་སྐབས་ཐེ་ཝན་དུ་བཞུགས་པའི་མཁས་བཙུན་བཟང་གསུམ་འཛོམས་པའི་སྔ་འགྱུར་རྙིང་ པའི་བླ་ཆེན་ཞིག་གིས་ཁོ་བོར་གསང་ཆེན་རྙིང་མ་པའི་དབུ་ཞྭ་རིགས་མི་འདྲ་བ་དུ་མ་ ཡོད་པའི་ནང་གསེས་ཀ་ཐོག་ཟླ་གམ་མ་ཞེས་པ་བརྒྱུད་ལྡན་བླ་མའི་ཕྱག་བཞེས་བཞིན་བཟོ་ བཀོད་ཕུན་སུམ་ཚོགས་པ་གནང་བ་ཞིག་དང་ལྷན་དུ་ཕྱག་ཡིག་གཉིས་འདུག་པའི་གཅིག་ནི་ དབུ་ཞྭ་འདིའི་ལོ་རྒྱུས་དང་། གཞན་དེ་ནི་དབུ་ཞྭ་འདི་བསྒྲོན་པའི་རྟེན་འབྲེལ་མཆོག་ཏུ་དགེ་བའི་ཐུགས་སྨོན་ གྱིས་མཚམས་སྦྱར་བའི་སྙན་ངག་ཕུལ་དུ་བྱུང་བ་ཞིག་རེད་འདུག་པ་སྟེ་དེ་ནི།
༄༅། །ཨོཾ་སྭ་སྟི། །རྒྱལ་ཀུན་གསང་བའི་ཆུ་གཏེར་ཆེན་པོ་ལས། །
འོད་གསལ་རྫོགས་ཆེན་ནོར་བུའི་མཛོད་འཛིན་པའི། །
གྲུབ་བརྙེས་རིག་འཛིན་ཀླུ་དབང་རིམ་བྱོན་གྱིས། །
རྡོ་རྗེ་གསུམ་གྱི་བྱིན་ཆེན་དབྱིངས་ནས་ཕོབས། །
འདི་ན་མི་བསྲུན་གདུག་སྤྱོད་མུན་པའི་ཚོགས། །
ཕ་མཐར་བྱེད་པའི་སྣང་སྲིད་ཟིལ་གནོན་གྱི། །
འཕྲིན་ལས་བཀར་རྟགས་མཐོང་གྲོལ་ཅོད་པཎ་རྒྱ། །
སྤྲུལ་བའི་སྐུ་མཆོག་ཁྱེད་ཀྱི་སྤྱི་བོར་སྒྲོན། །
པདྨ་མཐོང་གྲོལ་བདག་གིར་བཞེས་དང་ལྷན། །
པདྨའི་གདུང་འཚོབ་ཐུགས་དམ་འཕྲིན་ལས་དགོངས། །
པདྨ་ཀྰ་རའི་བརྒྱུད་སྲོལ་སྤེལ་བ་ལ། །
པདྨ་ཡོ་གི་ནྰི་ཡི་རྣམ་ཐར་སྐྱོངས། །
བཀའ་གཏེར་དག་སྣང་རྒྱུ་སྐར་བྱེ་བའི་བྱིན ། །
ཁྱད་པར་མདོ་སྒྱུ་སེམས་གསུམ་ཉ་གང་ཟླ། །
ཧེ་རུ་ཀ་དཔལ་གཙུག་གི་རྒྱན་བྱས་ཏེ། །
འོད་གསལ་རྫོགས་ཆེན་སྣང་བའི་དགའ་སྟོན་སྤེལ། །
རིས་མེད་བསྟན་ལ་སྨན་པའི་མཛད་པ་དང་། །
གྲངས་མེད་གདུལ་བྱ་འདུལ་བའི་ཐབས་མཁས་སྤྱོད། །
འཛམ་གླིང་ཤར་ནུབ་ཁྱོན་ཀུན་ཁྱབ་པར་བརྡལ། །
སྐུ་ཚེ་ཡུན་བརྟན་བཀྲ་ཤིས་དཔལ་འབར་ཤོག །ཅེས་པ་ཞིག་བཞུགས།
འབར་ཞུན་ཞིག་ཉོ་ཆེད་རྒྱ་ གར་ཚོང་ཁང་དེར་ཐེངས་ཤིག་བསྐྱོད་རྗེས་ཐད་ཀར་གྲོགས་པོ་རིག་འཛིན་གྱི་ཚོང་ཁང་ དུ་སོང་། ཁོས་ལོ་འགར་ངའི་སྐད་སྒྱུར་བྱས་ཤིང་ངས་ལོ་བདུན་རིང་ཁོའི་བུ་མོར་བོད་ཡིག་ བསླབས་པས་ངེད་ཅག་གྲོགས་པོ་ཉེ་བོ་ཞིག་ཡིན། ཁོའི་ཚོང་ཁང་གི་ནང་དུ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་གི་བྱང་ཆུབ་སེམས་ བསྟོད་བོད་དབྱིན་ཤན་སྦྱར་ཞིག་འདུག་པར་ཁྱུག་ཙམ་མཇལ་ཞིང་། གོང་ས་མཆོག་གི་སྐུ་མདུན་ནས་བྱང་སྡོམ་ཞུས་ཤིང་ཁུ་ནུ་བླ་མའི་བྱང་ཆུབ་སེམས་ བསྟོད་ཀྱི་ལྗགས་ལུང་ཞུས་རྗེས་རང་གིས་གང་ཐུབ་ཀྱིས་སྙིང་རྗེ་ཕྲན་བུ་རེ་སྒོམ་ ཁུལ་ཡིན་ཡང་འཇིག་རྟེན་ཆོས་བརྒྱད་དང་མ་འདྲེས་པ་ཞིག་ཧ་ཅང་དཀའ་བར་འདུག
ཆུ་ཚོད་དྲུག་པ་མ་ཟིན་ཙམ་ ཞིག་ལ་གྲོགས་པོ་ཇེ་ཧྥུའི་རླངས་འཁོར་ལ་བསྡད་དེ་ཟེན་ཁྱི་རྒན་གྱི་ཇ་ཁང་དུ་སོང་ ནས་ལས་འབྲས་ཀྱི་སྐོར་ཞིག་བཤད་ཁུལ་བྱས་ཤིང་མི་བཅོ་ལྔ་ཙམ་འདུས། དབྱིན་སྐད་ཆག་རོ་དེ་སྤྱད་ནས་ཆུ་ཚོད་གཅིག་དང་སྐར་མ་བཞི་བཅུའི་རིང་ནང་པ་དང་ བོད་ཀྱི་ལས་འབྲས་ལྟ་བ་ངོ་སྤྲོད་བྱས་ཤིང་། མི་མང་ཆེ་བའི་འདོད་པ་ཚིམ་པ་འདྲ་ཞིག་བྱུང་སྟེ་ཐེངས་རྗེས་མར་ཡང་ཡོང་གི་ཡིན་ ཟེར་མཁན་གང་མང་ཞིག་བྱུང་། མཇུག་ཏུ་རྒྱ་ནག་གི་བུ་མོ་ཆུང་ཆུང་རླངས་འཁོར་གྱིས་གཅུར་བ་དེའི་སྐོར་ཁོ་ཚོས་ གོ་མི་འདུག་པས་ངོ་སྤྲོད་བྱེད་ཞོར་རང་དབང་མེད་པར་ངུ་ཤོར། མི་རྣམས་ཀྱིས་ལས་འབྲས་མི་རྩི་ཞིང་བྱམས་སྙིང་རྗེ་མེད་ན་འཇིག་རྟེན་འདི་ནག་ ཁུང་ནག་རྐྱང་རེད་ལབ་པར་མང་ཤོས་ཀྱི་མགོ་བོ་ནང་དུ་ལྡེམ་བཞིན་འདུག བུ་མོ་ཞིག་གིས་མོ་རང་གི་སྙན་ངག་འཛིན་གྲྭའི་ནང་ནས་ནང་ཆོས་ཀྱི་སྐོར་ཐོག་མར་ ཤེས་རྟོགས་བྱུང་བ་ཡིན་ཟེར་བས། ནང་པའི་སྙན་ངག་ཀུན་གྱི་ཐོག་མ་དང་སངས་རྒྱས་ཀྱི་གསུང་འཁྲུལ་བ་མེད་པ་དེ་ནི་ ཆོས་ཀྱི་ཚིགས་ཀྱི་བཅད་པའམ་དྷརྨ་པྰ་ད་ཡིན་པས་དེ་ཀློགས་དང་སྙན་པ་ལ་ཚོད་ཅིག་ མེད། སྙན་ངག་ཙམ་ཞིག་མ་ཡིན་པར་དེ་ཡིས་ཁྱོད་ལ་མི་ཚེའི་གནས་ལུགས་དུ་མ་ཞིག་སྟོན་ཐུབ། སྤྱིར་ན་ང་ཚོའི་ས་ཆ་འདིའི་མཐོ་ཞིང་བརྗིད་པའི་རི་བོ་དང་། སྔོ་ཞིང་དྭངས་པའི་ནམ་མཁའ། ལང་ལོང་འཁྲིག་པའི་སྤྲིན་དཀར། ཕ་མཐའ་བྲལ་བའི་རྒྱ་མཚོ། འབྱམས་སུ་ཀླས་པའི་ནགས་ཀླུང་སོགས་ཀྱིས་ཁྱེད་ལ་སྙན་ངག་གི་ཚོར་བ་རྫོགས་མཐའ་ བྲལ་བ་ཞིག་སྟེར་བར་བྱེད་ཅིང་། ཁོ་བོར་མཚོན་ན་ཉིན་རེའི་འཚོ་བའི་ཕྱེད་ཀ་དེ་ནང་ཆོས་དང་ཕྱེད་ཀ་དེ་སྙན་ངག་ སོགས་བྲིས་ནས་སྐྱེལ་བཞིན་ཡོད། གལ་སྲིད་ང་རང་ཤི་རྗེས་གོ་སྐབས་བྱུང་ན་རྣམ་ཤེས་དེ་སྙན་ངག་གི་ཀློང་དུ་འཐིམ་ན་ འདོད་ཅེས་བརྗོད་པར། བུ་མོ་དེས་དེ་ལྟར་བཤད་པར་གཞིགས་ཚེ་ཁྱེད་རང་ཉིད་སྙན་ངག་ཅིག་རེད་ཅེས་ཟེར། ཨ་རི་བ་སྐྱེས་དམན་གྱིས་ད་འགྲོ་རན་སོང་བས་ཁྱེད་ཀྱི་བྱིན་རླབས་ཤིག་གནང་རོགས་ ཟེར་བར། ང་ལ་བྱིན་རླབས་ཞེས་པ་ཞིག་སྤྲོད་རྒྱུ་མེད། ངས་ཁྱེད་ལ་སྨོན་ལམ་རེ་རྒྱག་ཆོག ཁྱེད་ཀྱིས་ཀྱང་བྱམས་པ་དང་སྙིང་རྗེ་རེ་སྒོམ་ཐུབ་ན་དེ་བྱིན་རླབས་ལ་རྩི་ཆོག་ ལབ།
སྒོར་བུད་དུས་ས་རུབ་ཅིང་ ནམ་མཁར་སྤྲིན་ནག་མཐུག་པོ་ཞིག་འཁྲིགས་ཏེ་རྒྱང་རིང་གི་སྐར་ཚོགས་ཁྲ་ཆིལ་དགུ་ ཆིལ་དེ་ཚོའི་གཅིག་ཀྱང་མཐོང་རྒྱུ་མི་འདུག གྲོགས་པོ་གཉིས་དང་མཉམ་དུ་ཐག་ཉེའི་མེག་སི་ཁོའི་ཟ་ཁང་ཞིག་གི་ནང་དུ་སོང་། ཁོ་ཚོའི་ཟ་ཁང་ནང་དུ་སྦོ་རིས་ཐོ་ཞེས་པའི་བག་ལེབ་སྲབ་བུའི་ཁུག་ཏུ་ཤ་དང་སྔོ་ ཚོད་གཅུད་པ་བྱིས་པ་ཆུང་ཆུང་ཞིག་གི་ཚད་ཙམ་རེ་བཟའ་རྒྱུ་ཡོད་ཅིང་། ཇུས་འགོད་པ་བསྟན་བཤིག་ཚ་བོ་ཞིག་གིས་བྱིས་པ་དམར་འབྱར་རེ་དང་སྦོ་རིས་ཐོ་རེ་ མཉམ་དུ་བཞག་ཡོད་པའི་འདྲ་པར་ཉི་ཤུ་ལྷག་ཙམ་ཞིག་ཟ་ཁང་གི་རྩིགས་ངོས་སུ་བཀྲམ་ འདུག
ཕྱིར་ལོག་ནས་ཉིན་ཐོའི་ མཇུག་སྐྱོང་ཞོར་རྒྱ་མོ་སོ་ནིས་ཡ་དང་མཉམ་དུ་དྲ་ཐོག་ནས་ཡི་གེ་འབྲི་རེས་བྱས་ ཞིང་། ནང་དོན་གཙོ་བོ་ཞིག་ནི་ལོ་གཅིག་གི་སྔོན་ངེད་གཉིས་ཆེས་ཐོག་མར་བོད་པའི་ལོ་གསར་ མཛད་སྒོའི་སྟེང་ཇི་ལྟར་ཐུག་འཕྲད་བྱུང་བའི་སྐོར་ཡིན། བརྙན་འཕྲིན་ལས་སྲིད་འཛིན་ཨོ་སྦ་མས་འདི་ལོའི་ལོ་མཇུག་ཏུ་ཨེ་རག་ཏུ་ཡོད་པའི་ཨ་ རིའི་དམག་མི་ཡོད་ཚད་ཕྱིན་འཐེན་གྱིས་ལོ་དགུའི་རིང་བརྒྱབ་པའི་དམག་འཁྲུག་ འདིའི་མཇུག་བསྡུ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་སོང་།

0 བསམ་ཚུལ་འདོན་པ།:

Post a Comment