ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday 25 October 2011
dscn4681
ཟླ་བཅུ་པའི་ཚེས་ཉེར་ལྔ།
མདང་དགོང་རྨི་ལམ་ཟ་ཟི་མང་ ཞིང་བལ་ཡུལ་ནས་རླངས་འཁོར་རྙིང་པ་སྔོན་མར་གཞིས་ཀ་རྩེ་ནས་ས་དགའ་རྫོང་བར་དུ་ ཡོང་སྤྱད་ཀྱི་དོས་སྐྱེལ་རླངས་འཁོར་དེ་འདྲ་ཞིག་གི་ནང་དུ་བསྡད་ནས་རྒྱ་གར་དུ་ འགྲོ་བཞིན་འདུག་ཅིང་། ས་མཚམས་ནས་ལག་ཁྱེར་གྱི་སྟེང་དུ་ཆོག་མཆན་ཤོག་ལྷེ་ཞིག་སྦྱོར་རྒྱུར་དལ་འགོར་ བྱས་པར་དངངས་འཚབ་ལངས་པ་འདྲ་བོ་ཞིག་རྨིས།
ཆུ་ཚོད་བརྒྱད་དང་ཕྱེད་ ཀའི་སྟེང་ཡར་ལངས་ཤིང་། ཁ་འདོན་བྱེད་ཞོར་གློག་ཀླད་ཁ་ཕྱེ་སྟེ་དྲ་ཚིགས་ཁག་ཉུལ་དུས། ཁམས་དཀར་མཛེས་དགོན་པའི་གྲྭ་པ་ཞིག་གིས་རང་ལུས་མེ་བསྲེགས་བཏང་བའི་སྐོར་ཞིག་ སོགས་མཐོང་། ཆུ་ཚོད་བཅུ་པའི་སྟེང་དབྱིན་ཡིག་གི་འཛིན་གྲྭ་ཚུགས་ནས་ཅང་མ་འགོར་བས་རྒྱ་རོང་ དང་མགོ་ལོག་ནས་ཡིན་པའི་སྐུ་ཞོགས་གཉིས་བླ་མ་ཚང་མཇལ་བར་ཕེབས་བྱུང་བས། ཁོང་གཉིས་བླ་མ་ཚང་གི་སྐུ་མདུན་དུ་ཁྲིད་པ་དང་མཚམས་སྦྱོར་མདོར་བསྡུས་སོགས་ ཞུས། ཁོང་གཉིས་གསེར་རྟ་ནས་སློབ་སྦྱོང་བྱེད་མྱོང་ཞིང་དེང་སྐབས་ཨ་རིར་རྒྱུན་བཞུགས་ དང་། སོ་སོར་རང་དབང་གི་ཆོས་ཚོགས་རེ་ཡོད་མཁན་རེད་འདུག

དེ་ཚར་ནས་ཤོད་དུ་སོང་དུས་ དབྱིན་དགེ་མོ་དེ་ཅུང་ཟད་གདོང་པ་འགྱུར་ནས་བསྡད་འདུག རྒྱུ་མཚན་ནི་འཛིན་གྲྭའི་དུས་ཚོད་ཡོལ་ཟིན་པས་ཡིན། མོའི་ལག་ཏུ་སྒྲ་ལེན་འཕྲུལ་ཆས་ཆུང་ཆུང་དེ་བཞག་ནས། གོང་ས་མཆོག་གི་གསུང་དེབ་ཅིག་སྒྲ་འཇུག་བྱེད་རོིགས་བརྗོད།
ནང་དུ་ལོག་སྟེ་དྲ་ངོས་ནས་ ཧྥ་རན་སིར་ཡོད་པའི་ཕ་ཡུལ་གཅིག་པའི་གསལ་ལེ་རྒྱལ་དང་མཉམ་དུ་རྩེད་མཚར་ཀ་རྩོམ་ ཞིག་འབྲི་རེས་བྱས་ཤིང་། དེའི་ནང་གི་ཚན་པ་རེ་ཟུང་ཟུར་འདོན་བྱས་ན་འདི་ལྟར། ཀླུ་སྨྱོན་གྱིས།
ཀ་ཡེ་ཁོ་བོ་གཞན་དུ་སོང་ཤུལ་ནས། །ཁ་ངན་བདག་མེད་རྒན་པོ་ས་ལེ་རྒྱས། །ག་ཡང་ཅིག་ཅིག་རྒྱུས་བ(ཨམ་སྐད་དུ་ང་རྒྱལ་ཅན་ལ་གོ)་ཡིན་སོང་ངས། །ང་ལ་ཁ་ཡ་མ་བྱས་ཟེར་གི་འདུག །
གསལ་ལེ་རྒྱལ་གྱིས།
ཀ་ཡེ་ཁྱོད་རང་རྒྱས་བ་ཆགས་ཁ་ནས།། ཁ་འགྲོགས་རྒྱ་སེའི་མཉམ་དུ་དུས་བསྐྱལ་ནས།།ང་དང་མཉམ་དུ་ཁ་བརྡ་མི་བྱེད་པས།།
ཀླུ་སྨྱོན་གྱིས།
ཅོ་ཐོ་ནག་པོའི་འབྲོག་མོ་མ་རག་ག །ཆོ་མེད་མགོ་སེར་ཞིག་གི་རྫ་(རྗེས་ལ་གོ)བརྒྱུགས་གས། །ཇོ་ལགས་ཨོ་བརྒྱལ་ཆེ་ནོ་ཤེས་གི་ར། །ཉོ་རྒྱུ་དེ་ནི་ཁྱོད་ལ་འབབ་ནས་འདུག །
གསལ་ལེ་རྒྱལ་གྱིས།
ཅ་ཅོ་གཏམ་གྱིས་རྒྱ་སེ་ འགུག་འདོད་ཀྱིས།། ཆ་ལུགས་སྔགས་ལུགས་སྣ་ཚོགས་བསྟན་ན་ཡང་།། ཇ་ཡུན་ཙམ་ལ་ཁ་ཡ་བྱས་པ་ལས།། ཉ་མོ་མགོ་ཅན་མཇེ་ལ་ཅི་ཞིག་འདུག།
ཀླུ་སྨྱོན་གྱིས།
ཏྰ་ལའི་འདབ་འདྲའི་ཤམ་ཐབས་ལྟེབས་བརྩེགས་བརྒྱབ། །ཐ་མལ་མ་ཡིན་མཁའ་འགྲོ་དངོས་སུ་འཁོར། །ད་ལྟ་ང་ལས་སྐྱིད་པ་མི་འདུག་པས། །ན་ནིང་དོ་ཚིགས་(འདི་ལོར་གོ)འདི་ཟོ་ཨེ་བདེན་བསམས། །
གསལ་ལེ་རྒྱལ་གྱིས།
པ་ལོ་རིང་བོ་ད་དུང་མ་ སྐྱེས་པས།། ཕ་རྒན་ཞིག་གི་བཟོ་ལྟ་མི་འདུག་ཀྱང་།། བ་ལང་བོང་བུའི་ཐོག་ལ་དགའ་བ་ལྟར།། མ་བཟང་རྒྱ་སེའི་རྗེས་ལ་ཤུགས་ཀྱིས་རྒྱུགས།།
ཀླུ་སྨྱོན་གྱིས།
ཏྰ་ལའི་བླ་མའི་བཀའ་གསུང་ མ་བརྩིས་པར། །ཐ་ཆད་མགོ་སེར་ཞིག་གི་རྐུབ་ལ་བརྒྱུགས། །ད་ལྟ་བཟའ་ཚང་སྐྱིད་པོ་སྟོན་རྒྱུ་མེད། །ན་ནིང་དོ་ཚིགས་རྒན་པོས་འདག་གོ་ཁུ(དཀའ་ངལ་མྱོང་བར་གོ)། །
གསལ་ལེ་རྒྱལ་གྱིས།
ཙ་རིའི་ཡུལ་ནས་འཁྱེར་བའི་སྡོམ་པ་དེ།། ཚ་བ་ཅན་ནས་ཅང་ལ་མ་དགོས་ཡང་།། ཇ་དྲག་འདོད་ཆགས་རྒྱས་པའི་ཨ་རི་ནས།། ཝ་མ་ཝོལ་ལ་ཨ་སྒོར་འགའ་ལ་བརྗེས།།
ཀླུ་སྨྱོན་གྱིས།
པ་པ་ཟེར་བའི་ཞ་ཞིས་གཉོར་གོ་ཁུ(བྱ་ཚིག་ད་ལྟ་བའི་ཚིག་གྲོགས)། །ཕ་རྒན་ཟིག་གི་ཚུགས་ཀ་སྟོན་གོ་ཁུ། །བ་ལང་ནོར་ཁྱུར་ཡོང་བ་ནོར་སོང་བས།། མ་དག་འཁོར་བས་ཁྱོད་ལ་གཅར་གོ་ཁུ། །
ཞ་ཞིས་ཟིག་གིས་(བྱིས་པ་ཞིག་གིས་ཞེས་པར་གོ)ངུ་རྒྱངས་བྱེད་གོ་ཁུ། །ཟ་མ་མེད་ལ་ཕ་རྒན་རྒྱུག་གོ་ཁུ། འ་རེ་འུར་རེ་རྩོམ་རེ་ཕྲིས་ནོ་ལས། །ཡ་མཚན་འཁོར་བ་ཅན་གོ་མ་རེད་ལོ ། །
གསལ་ལེ་རྒྱལ་གྱིས།
ཞྭ་སེར་བསྟན་པའི་ཞབས་ཞུ་ མ་ནུས་པས།། ཟ་འཐུང་འཚོ་བའི་ཆེད་དུ་གཟན་དཀར་མནབས།། འ་ཅག་བོད་པའི་བསྟན་པ་ཟེར་ཞོར་ལ།། ཡ་མཚན་ཆེ་བའི་འདོད་ཆགས་རྐུབ་ནས་བརྡོལ།།
ཀླུ་སྨྱོན་གྱིས།
ཙ་གེ་ཙིག་གེའི་ཁྱི་འཛག་ར་འཛག་ལས། །ཚ་འདེ་(རེག་བྱ་ཚ་བོ)མིན་པའི་མཇེ་ངན་མི་ལངས་པས། །ཛ་དྲག་དུས་སུ་མགོ་སེར་རྒན་མོ་དེས། །ཝ་མ་ཝོ་ལ་སྒོ་རུ་བདའ་དང་ཐལ(བསྐྲད་སོང་ཞེས་པར་གོ)། །
གསལ་ལེ་རྒྱལ་གྱིས།
ར་མ་རྒྱ་མོས་གཟན་དཀར་ མནབས་པ་འདི།། ལ་ལུང་ས་མཚམས་མེད་པའི་ཆོས་ལུགས་མིན།། ཤ་གཟན་མི་ལ་སྐྲག་ནས་གཡོལ་བ་ལས།། ས་སྟེང་སངས་རྒྱས་ཤིག་གི་བཅའ་སྟངས་མིན།།
ཀླུ་སྨྱོན་གྱིས།
རྭ་ཅོ་ལྟ་བུའི་མཇེ་ངན་ཤི་ སོང་བས། །ལ་ལུང་ས་སྟོང་ཟིག་ནས་ངུ་ན་ལས། །ཤ་ཡི་རྙ་མ་ཟིག་གི་ལས་མེད་པས། །ས་ལེ་རྒྱལ་ཁྱོད་ངོ་མ་ཞབས་འདྲེན་རེད། །ཧ་ལམ་འདི་མོ་ཟིག་གིས་ཆོག་ནི་བྱེད། །ཨ་ལགས་འདི་ཚོའི་ཁ་ནང་ལྷུང་སོང་དུས། །ཧ་ཅང་ཕྱིར་ཡོང་མེད་ནོ་ཤེས་ཡོད་ན། །ཨ་མདོའི་རྒན་པོས་ཚོད་ཟིག་བཟུང་ན་ལེགས། །
གསལ་ལེ་རྒྱལ་གྱིས།
ཧ་ཅང་དྲང་མོར་བཤད་ན་མི་ འདོད་པས།། ཨ་རོགས་དེ་རིང་ཟུར་ཙམ་བྲིས་པ་ཡིན།། ཧ་ཅང་ཉན་འདོད་ཡོད་ན་རྗེས་ནས་ཤོགས།། ཨ་ཁུའི་སེམས་ལ་གནོད་བྱེད་ད་དུང་མང་།
ཀླུ་སྨྱོན་གྱིས།
དེ་རིང་ཁ་ལག་གཉིས་ཀ་ སྨྱོས་བཏང་ཟིག །རྒན་པོར་གཅར་ནས་ཉལ་སར་འཕངས་དང་ཟིག །སྡིག་པ་ཡོད་ནོ་ཤེས་ད་ཤེས་ཀི་ར། །འདི་མོ་མ་བྱས་འདུག་གི་མི་འཇུག་གི །
གསལ་ལེ་རྒྱལ་གྱིས།
ཨ་ལགས་རྫུན་མས་ས་སྟེང་གང་ན་ཡང་།། ཧ་རྒན་ང་ལ་ཅི་ཡང་མི་ཕན་པས།། ཨ་སྒོར་འགའ་རེ་འགུག་པའི་ཐབས་ཤེས་བྱོས།། ཧ་ལོ་མ་ལོ་གཉིས་ལ་ཕན་ན་ཐང་།།
དེ་ནས་སྒོར་བུད་ནས་ཐ་ཡེ་ ལན་སྒྲའི་ཟ་ཁང་ཞིག་ཏུ་ཟ་མ་ཞིག་བཟའ་རུ་འགྲོ་བའི་ལམ་ཁར་ཁམས་པའི་ཞི་མོ་བསྟན་ འཛིན་ལ་ཐུག་སོང་། ཟ་མ་བཟའ་གི་འགྲོ་འམ་ཞེས་པས་ཚོང་ཁང་ཞིག་གི་ནང་དུ་འགྲོ་གི་ཡིན། ཁྱོད་སོངས་ནས་བསྒུགས་སྡོད་དང་ཡོང་གི་ཡིན་ཟེར་ཡང་ཟ་མ་མངགས་ཚར་ནས་དགའ་རབ་ འགོར་ཡང་ཡོང་རྒྱུ་མི་འདུག དེ་ནས་གྲོགས་པོ་རིག་འཛིན་གྱི་ཚོང་ཁང་དུ་སོང་ནས་ཟ་མ་དེ་བཟའ་བཞིན་ཁོའི་གློག་ ཀླད་ལས་རྒྱ་གར་གྱི་གློག་བརྙན་རྙིང་པ་ཞིག་གི་བར་བཅུག་གླུ་དབྱངས་དང་ཞབས་ བྲོའི་ལྡེམ་མྱུར་དག་ལ་མྱོང་རོལ་བྱེད་བཞིན་བསྡད། རྒྱ་གར་བུ་མོ་གློག་བརྙན་འཁྲབ་མཁན་མང་ཤོས་དེ་ཚོ་ནི་སྐྲ་ལོ་ནག་ཅིང་མིག་དཀྱུས་ རིང་བ། སྐེད་པ་ཕྲ་ཞིང་ནུ་མ་རྒྱས་པ་སོགས་གཟུགས་མཛེས་ཤིང་ཆགས་པའི་རྣམ་འགྱུར་སྟོན་པ་ ལ་འགྲན་ཟླ་བྲལ་བ་ཞིག་ཡིན་པས། གཏམ་རྒྱུད་གསེར་ཐང་ལས་གསུངས་པའི་སྔོན་གྱི་གནས་བརྟན་ཆེན་པོ་ཞིག་གིས་སྦྱིན་ བདག་ཕྱུག་པོ་ཞིག་གི་གསོལ་ཚིགས་འདྲེན་སར་བུ་མོ་མཛེས་མ་དག་གི་ཞབས་བྲོ་མཐོང་ སྟེ་སྡོམ་པ་ཐམས་ཅད་ཁུར་དུ་མཐོང་ནས་བསླབ་པ་ཕུལ་ཏེ་ཁྱིམ་དུ་ལོག་པ་དེར་ཡང་ངོ་ མ་ཐུགས་ཁག་མི་འདུག་ཨང་བསམས་པ་ཞིག་བྱུང་།
དེ་ནས་རིག་འཛིན་ཚོང་ཁང་ གི་སྒོའི་ཕྱི་རོལ་ཏུ་རྐུབ་སྟེགས་ཤིག་བཞག་པའི་སྟེང་དུ་བསྡད་ནས་གདོང་ཉི་མར་ ཕྱོགས་ཏེ་གྲོགས་པོ་ཨ་སྦོས་ཁྱེར་ཡོང་བའི་རྡོ་རྗེ་གླིང་གི་ཇ་ཞིམ་པོ་ཞིག་འཐུང་ བཞིན་བསྡད་ཅིང་། ཨ་སྦོས་རིག་འཛིན་གྱི་ཚོང་ཁང་ནས་སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་ མཚན་གྱི་བྱང་ཆུབ་སེམས་བསྟོད་བོད་ དབྱིན་ཤན་སྦྱར་ཁོ་བོའི་ཉིན་ཐོ་སྔོན་མ་ཞིག་གི་ནང་དུ་ཡོད་པ་དེ་ཉོས་འདུག་པའི་ ཚིག་རྐང་འགའ་ལ་འགྲེལ་བཤད་བརྒྱབ་ཅིང་། ཁོམ་པ་ཡོད་དུས་སུ་ཁོ་ལ་དེབ་དེ་ཐེངས་ཤིག་སློབ་ཁྲིད་བྱེད་རྒྱའི་ཁས་ལེན་ཡང་ བྱས།
ཁོ་བོ་བོད་དུ་ཡོད་དུས་རབ་ ཏུ་བྱུང་ཚུན་ཆད་ནས་བཟུང་སྟེ་བྱམས་སྙིང་རྗེ་འདི་ལ་བླ་མའི་བཀའ་དྲིན་དང་སྔོན་ གྱི་བག་ཆགས་ཀྱི་དབང་གིས་རང་ཤུགས་ཀྱིས་ལག་ལེན་ཕྲན་བུ་རེ་བྱེད་པ་ཞིག་བྱུང་ ཞིང་། དེ་ཡང་གྲོང་ཆོག་ལ་སོང་དུས་གཡག་ལུག་བཤའ་རུ་མི་འཇུག་པ་དང་། སྐམ་ལ་ལུས་པའི་ཉ་རིགས་བརྒྱ་ཕྲག་དུ་མར་ཆུ་སྦྱིན་བཏང་བ། གསོད་ལ་ཉེ་བའི་སེམས་ཅན་གྱི་སྲོག་བསྐྱབས་པ་སོགས་བྱེད་མྱོང་བ་དང་། ཁྱད་པར་དུ་གོང་ས་མཆོག་གི་སྐུ་མདུན་ནས་ཁུ་ནུ་བླ་མའི་བྱང་ཆུབ་སེམས་བསྟོད་ཀྱི་ བཀའ་ཁྲིད་ཐོབ་པ་ནས་བཟུང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་རྒྱུ་བྱམས་པ་དང་ སྙིང་རྗེ་གཉིས་ལ་བྲོ་བ་སྔར་ལས་མང་བ་ཞིག་རྙེད་པའི་གང་ཟག་ཕལ་བའི་ནང་གི་ཡང་ཕལ་ བ་ཞིག་ཡིན་པ་དང་། འཆི་ཁར་ཡང་གདམས་པ་ཟབ་ཟབ་ཏུ་གྲགས་པ་གང་ཞིག་ལས་ཀྱང་བྱང་ཆུབ་སེམས་བསྟོད་འདི་ རྣ་ལམ་དུ་སྒྲོག་མཁན་རེ་བྱུང་ན་དེ་ལས་ལྷག་པའི་འཕོ་འདེབ་ཅིག་མི་དགོས་པའི་བསམ་ ཚུལ་ཞིག་རྒྱུན་དུ་ཡོད། ཡིན་ན་ཡང་ཁོ་བོར་མཚོན་ན་དུག་གསུམ་མམ་དུག་ལྔ་ལས་འདོད་ཆགས་འདིའི་མགོ་གནོན་ རྒྱུ་དེ་ལས་ལྷག་པའི་དཀའ་ངལ་ཞིག་མི་འདུག་ཅིང་། ཁོང་ཁྲོའི་ཉེས་དམིགས་ཆེ་བ་མ་གཏོགས་ཆུ་ཚོད་ཉེར་བཞིའི་རིང་མེ་རུ་འབར་བཞིན་ སྡོད་པ་ཞིག་མིན་པ་དང་། འདོད་པའི་དངོས་པོ་ལ་དམིགས་པའི་འདོད་ཆགས་འདི་ནི་རྨི་ལམ་ཚུན་ཆད་དུ་མེ་རི་ བཞིན་འབར་བཞིན་འཕྱུར་བཞིན་སྡོད་པ་ཞིག་རེད།
དེ་ནས་ཕྱིར་ལོག་སྟེ་ནུབ་ སྒོའི་ནང་ནས་ཁ་ཉི་མར་གཏད་དེ་ཉིན་ཐོ་འདི་འབྲི་བཞིན་ཡོད་ཅིང་། ནམ་མཁའ་གཡའ་དག་ཅིང་སྟོན་ལོ་སེར་པོ་དག་བསིལ་རླུང་གིས་གཡོ་བའི་ངང་ཚུལ་འདི་ ཡིས་འཇིག་རྟེན་འདི་འགྱུར་བའི་རང་བཞིན་ཅན་ཞིག་དང་། འགྱུར་བ་དེའི་ཀློང་ནས་ང་ཚོ་ཚང་མས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་དགོས་ ཤིང་། ང་ཚོས་སྙན་ངག་སྙན་ངག་ཅེས་འབོད་པའི་ཐ་སྙད་སྙན་པོ་དེ་ཡང་རང་བྱུང་གི་སྣང་ཚུལ་ འདིའི་གཙུབ་བརྡར་གྱི་བར་ནས་མེ་རུ་འབར་ཞིང་ཆུ་རུ་ཁོལ་བའི་བསྡུས་གཟུགས་ཤིག་ ཡིན་ངེས་ལ། ཉི་མ་གཅིག་དང་ལོ་ངོ་གཅིག མི་ཚེ་གཅིག་དང་དུས་རབས་གཅིག ཐ་ན་རྒྱུ་སྐར་རེ་རེའི་ཚེ་སྲོག་གི་སྐྱེ་འཆིའི་ཀློང་ན་སངས་རྒྱས་དང་སེམས་ཅན་ ཞེས་པའི་ཐ་སྙད་ཀྱི་ཕྱི་གོས་གཡོགས་པའི་སེམས་ཅན་དུ་མ་མཉམ་དུ་ངུ་ཞིང་མཉམ་དུ་ དགོད་བཞིན་ཡོད་པ་རེད་ཨང་། dscn4683
དེ་ནས་པར་ཆས་ཁྱེར་ཡོང་ སྟེ་ནམ་མཁའ་སྔོན་པོའི་རྒྱབ་ལྗོངས་ཅན་གྱི་སྟོན་ཁའི་ལོ་མ་སེར་པོ་དེ་ཚོར་འདྲ་ པར་ཞིག་བརྒྱབ་ཅིང་། གྲོགས་པོ་སྟོབས་རྒྱལ་ཡོང་སྟེ་ཁར་ཉིན་འཁྱེར་རྒྱུ་ལུས་པའི་ཁོའི་ནུབ་ལུགས་སྒྲ་ བརྙན་དེ་ཁྱེར་སོང་། ཁོས་བདག་གིས་བྲིས་པའི་པཎ་ཆེན་དྲན་གླུ་དེར་ཁོ་རང་ཉིད་ཀྱིས་གདངས་གསར་པ་ཞིག་ བརྩམས་ཏེ་གདངས་སུ་བཀུགས་ནས་ལེན་ཐེངས་རེ་རེ་བཞིན། བདག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་ཁོང་རང་དབང་མེད་པར་སྙིང་དབུས་ནས་དྲན་ ཞིང་། དྲན་ཐེངས་རེ་རེ་བཞིན་མཐའ་མཆི་མས་བསྐོར་ཞིང་སེམས་པ་སྐྱོ་བས་ཁེངས་འགྲོ
ཉི་མ་ནུབ་ཁའི་ས་གཞིའི་ རྒྱབ་ལོགས་སུ་ལྷུང་བར་ཐག་མི་རིང་ཞིང་། གྲང་རླུང་གི་ཁྲོད་དུ་མདུན་ཐད་ན་ཡོད་པའི་ལྕགས་ཀྱི་སྐས་འཛེགས་ནག་པོ་དེའི་ རྩིབས་མ་དག་གི་བར་གསེང་ན་སྡོམ་གྱི་རྨུ་ཐག་ཕྲ་མོ་ཞིག་ཉི་འོད་ཀྱི་ཀློང་ན་འོད་ འཚེར་རེར་གཡོ་འགུལ་བྱེད་ཅིང་། དེའི་གཡས་གཡོན་དུ་འབུ་སྲིན་གཤོག་ཐོགས་ཆུང་ཆུང་འགའ་རེ་ཡར་འཕུར་མར་འཕུར་བྱེད། ཁྱིམ་མཚེས་ཚང་གི་བུད་མེད་གཟུགས་པོ་ལྡེམ་མྱུར་ཅན་དེས་གད་སྙིགས་བླུག་སྡོད་དག་ ར་སྐོར་གྱི་ཕྱི་རོལ་ཏུ་སྐྱེལ་བཞིན་པར་བལྟས་ན་སང་ཉིན་གཟའ་ལྷག་པ་ཡིན་པ་གཏན་ ཁེལ་ཐུབ།
ནང་དུ་ལོག་ནས་མཆེད་གྲོགས་ ཤིག་གིས་ཡུའུ་ཁྲུབ་གློག་བརྙན་གྱི་དྲ་ཐག་ཅིག་བསྐུར་བྱུང་བར་བལྟས་པས། བོད་ནང་གི་གྲྭ་པ་ཞིག་གིས་རང་ལུས་མེ་རུ་སྦར་བའི་དངོས་བཤུས་གློག་བརྙན་ཐུང་ ཐུང་ཞིག་རེད་འདུག་ཅིང་། མི་དེའི་གཟུགས་པོ་ཁ་སྦུབ་ཏུ་འགྱེལ་བའི་སྒང་ནས་མེ་འབར་བ་དང་དུ་བ་འཕྱུར་བཞིན་ ཡོད་ལ། སྐྱེས་སྨན་ཞིག་གིས་ཨ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཟེར་ བཞིན་གསོལ་བ་འདེབ་ཀིན་འདུག་པ་དང་། རྒྱབ་ཕྱོིགས་དེ་རང་དུ་དྲག་ཆས་སྤྲས་པའི་རྒྱ་མིའི་དམག་མི་རུ་སྒྲིག་བསྡད་ཡོད་ པ་དེ་མཐོང་བས། རང་དབང་མེད་པར་སྙིང་རྩ་འཕར་ཞིང་མིག་མཐའ་ནས་མཆི་མ་རྡོག་པོ་འགའ་འགྲིལ་སོང་།
བརྙན་འཕྲིན་གྱི་སྒོ་ཕྱེས་ དུས་ཐེ་ཡེ་ལན་སྒྲའི་རྒྱལ་ས་སྦེན་ཁོག་ལ་དྲག་ཆར་བབས་ཏེ་ཁང་ཁྱིམ་འབུམ་བརྒྱད་ ལྷག་རྩ་མེད་བཟོས་ཤིང་མི་ས་ཡ་དུ་མར་ཁང་ཁྱིམ་མེད་པར་དཀའ་ངལ་འཕྲད་བཞིན་པ་དང་། ཆུ་ལོག་བརྒྱགས་ཏེ་རྒྱལ་སའི་སྒྲོན་མོང་གནམ་ཐང་ཡང་རེ་ཞིག་སྒོ་རྒྱག་དགོས་བྱུང་ བའི་སྐོར་ཞིག་རེད་འདུག
ངོ་དེབ་ལས་གོང་ས་མཆོག་ རྒྱ་གར་དུ་ཕེབས་མ་ཐག་པའི་སྐབས་ཀྱི་ལོ་ཟླའི་ནང་བསྐྱོན་པའི་སྐུ་པར། སྐྱ་ཆས་བཞེས་ཏེ་རྒྱ་གར་ཞིང་པ་སྐྱོ་བོ་བཟའ་འཚོ་གཉིས་དང་མཉམ་དུ་བཞུགས་ཡོད་པ་ ཞིག་མཇལ་ཞིང་། དེ་རང་གི་ངོ་དེབ་ཏུ་ནང་འདྲེན་བྱས་ཏེ་སྐུ་པར་གྱི་གཤམ་དུ། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པའི་ཚིག་རྐང་གྲགས་ཅན་དེ་གཉིས་བྲིས། །
བརྙན་འཕྲིན་ལས་ཨ་ཧྥུ་སྒན་གྱི་སྐྱེས་མ་ཚོའི་ཐོབ་ཐང་སྐོར་གྱི་ལེ་ཚན། བུད་མེད། དམག་འཁྲུག་དང་ཞི་བདེ་ཞེས་པ་ཞིག་ལ་བལྟས་ཤིང་། ཐ་ལི་སྦན་ཕྱོགས་ཁག་གིས་བུད་མེད་དགེ་རྒན་ཞིག་ལ་ཡི་གེ་ཞིག་བསྐུར་པའི་ནང་དུ། གང་ མགྱོགས་བུད་མེད་ལ་ཡི་གེ་འབྲི་ཀློག་སློབ་པའི་དགེ་རྒན་གྱི་ལས་ཀ་དེ་སྐྱུར། དེ་མིན་ཁྱོད་ཀྱི་སྐེ་གཏུབ་ཀི་ཡིན་པ་མ་ཟད་ཁྱོད་ཀྱི་བུ་མོ་གསོན་སྲེག་བྱེད་ཀི་ ཡིན། ཞེས་བྲིས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཁུ་ལོན་སྒྲོན་གྱིས་ཨ་ཧྥུ་སྒན་བུད་མེད་ཀྱི་ ཐོབ་ཐང་སྐོར་གཏམ་བཤད་བྱས། ཐ་ལི་སྦན་གྱིས་ཁོ་ཚོའི་ཁྲིམས་དང་འགལ་བའི་སྐྱེས་པ་ཞིག་ལ་མེ་མདའ་གཞུས་པ་དང་། ལག་ཁྱེར་ཁ་པར་ཉར་བའི་བུད་མེད་ལོ་གཞོན་ཞིག་ལ་རྡོ་རུབ་བྱས་ཏེ་གསོད་པའི་སྐོར་ ཞིག་ཀྱང་མཐོང་། སྤྱི་ལོ་ཉིས་སྟོང་བཅུ་ལོའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་ཨ་ཧྥུ་སྒན་ གྱི་བུད་མེད་དགུ་ལ་གྲོས་ཚོགས་ནང་རྐུབ་སྟེགས་ཐོབ་སྟེ་ཡུལ་དེའི་ལོ་རྒྱུས་ནང་ བུད་མེད་ལ་གྲོས་ཚོགས་འཐུས་མིའི་ཐོབ་ཐང་མེད་པའི་ལོ་རྒྱུས་ནག་པོ་དེ་མཇུག་ རྫོགས།
གསར་འགྱུར་ལེ་ཚན་ལས། བུ་རང་ལོ་བཅུ་གསུམ་ཅན་ཞིག་གིས་ཁོའི་ཕ་རྒན་ལོ་སུམ་ཅུ་སོ་དགུ་ཅན་དེ་དགའ་རོགས་ དང་མཉམ་དུ་ཉལ་བསྡད་ཡོད་དུས་མགོ་རུ་མེ་མདའ་གཞུས་ནས་བསད་པའི་སྐོར་ཞིག་བསྟན།

0 བསམ་ཚུལ་འདོན་པ།:

Post a Comment