ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Saturday 8 October 2011
dscn4122
རྣམ་པ་ཚོ་ངའི་ཉིན་ཐོ་དེ་ ཚོར་ཉོབ་སོང་ངམ། ཡིན་ཡང་ང་ལ་བྱ་ཐབས་ཅི་ཡང་མི་འདུག ངས་མུ་མཐུད་དེ་ཉིན་ཐོ་འབྲི་གི་ཡིན། ང་ལ་མཚོན་ན་འཇིག་རྟེན་འདིར་ཡོང་བའི་རྐང་རྗེས་ཆུང་ཆུང་དེ་ཚོ་ནི་རྩོམ་ཡིག་ འདི་ཚོས་མ་གཏོགས་མཚོན་ཐུབ་པ་ཅི་ཡང་མི་འདུག
ཆུ་ཚོད་དྲུག་པར་ཡར་ལངས་ དུས་ད་དུང་མུན་རུབ་འདུག དེ་རིང་ཞོགས་པ་སྔ་བོར་ཡར་ལངས་དགོས་དོན་ནི་ངེད་ཅག་ཝེ་སྦེ་མཚོ་གླིང་དུ་མཆོད་ རྟེན་གསར་བཞེངས་ཤིག་ལ་རབ་གནས་བྱེད་དུ་འགྲོ་དགོས་པས་ཡིན། ཁྲུས་ཁང་དུ་གདོང་པ་བཀྲུ་དུས་བྱ་བྱེའུ་དག་མལ་ལས་ལངས་ཟིན་ནས་ཅིར་ཅིར་གྱི་ མགྲིན་གླུ་ཐར་ཐོར་རེ་ལེན་བཞིན་འདུག
དེ་རིང་གི་ཉི་མ་འདི་ནི་ ཁོ་བོས་ཟླ་བ་གཅིག་གི་སྔོན་ལ་བོད་ཀྱི་རྩིས་གཞུང་གི་ལམ་ནས་གཏན་ལ་ཕབ་པ་ཞིག་ ཡིན་པས། དེ་རིང་ཉི་མ་ཅུང་ཟད་དྲོ་དགོས་པ་ཞིག་ཡིན་ཡང་ས་འདིའི་སྟོན་ཁའི་གནམ་གཤིས་ལ་ངོ་ མ་འགྱུར་ལྡོག་ཅིག་མང་། རོགས་པ་གཉིས་དང་མཉམ་དུ་རླངས་འཁོར་ཞིག་ལ་བསྡད་དེ་སྐར་མ་ཉི་ཤུ་ཙམ་གྱི་རིང་ མཚོ་འགྲམ་དུ་བསྐྱོད་ཅིང་། ལམ་བར་དུ་སྨུག་པ་འཐིབས་པས་རླངས་འཁོར་ཚང་མ་སྨུག་པའི་འཇིག་རྟེན་ཞིག་གི་ནང་དུ་ ཡལ་འགྲོ་བ་ལྟར་སྣང་བས། མགྱོགས་པོར་འཁུར་ཁུག་ལས་པར་ཆས་བླངས་ཏེ་འདྲ་པར་འགའ་བརྒྱབ། དེ་ནས་སྐར་མ་བཞི་བཅུ་ཙམ་ལ་བསྒུགས་རྗེས་རླངས་འཁོར་ལྔ་བཅུ་ཙམ་ཤོངས་པའི་གྲུ་ གཟིངས་དེར་བསྡད་དེ་མཚོ་གླིང་དུ་ཆས།

dscn4171
གྲུ་གཟིངས་ནས་ཐོན་རྗེས་ ཡང་སྐྱར་རླངས་འཁོར་བསྐོར་ནས་སྐར་མ་བཅུ་ཙམ་ལ་སོང་སྟེ་གཞི་ནས་མཆོད་རྟེན་ཡོད་ ས་དེར་བསླེབས་དུས། མཆོད་རྟེན་བཞེངས་མཁན་གྱི་སྦྱིན་བདག་སོགས་མི་འགས་བསྒུགས་བསྡད་འདུག སྦྱིན་བདག་འདི་ནི་ཨ་སྒོར་ས་ཡ་དུ་མའི་བདག་པོ་མི་ཕྱུག་པོ་ཞིག་རེད་འདུག་ལ། ལོ་འགའི་སྔོན་ངེད་གཉིས་ཀྱིས་མཉམ་འབྲེལ་གྱིས་ཆེས་ཐོག་མའི་འོད་སྡེར་མ་ཎི་ འཁོར་ལོ་ཞིག་གསར་བཏོད་བྱས། དེ་ལ་ཁེ་བཟང་ག་ཚོད་ཡོད་མེད་ངས་ནི་མི་ཤེས་ཤིང་ང་རང་ལ་དེའི་སྟེང་ནས་དངུལ་གྱི་ ཁེ་བཟང་ཅི་ཡང་མ་ཐོབ་ལ་ལེན་འདོད་ཀྱང་མེད། འོད་སྡེར་མ་ཎི་འཁོར་ལོ་དེ་ལག་འཁོར་ཞིག་དང་གློག་འཁོར་ཞིག་གཉིས་ཡོད། དེ་བཟོ་རྒྱུ་ནི་ཧ་ཅང་ལས་སླ་བ་སྟེ། འོད་སྡེར་རེ་རེའི་ནང་དུ་གཟུངས་སྔགས་འདྲ་མིན་གྲངས་ཀ་དུང་ཕྱུར་འགའ་རེ་བླུགས་ རྗེས་གཅིག་སྟེང་དུ་གཅིག་བརྩེགས་བཞག་པ་ཞིག་ཡིན།
ངེད་ཅག་གིས་མཆོད་རྟེན་ གྱི་རྩེ་མོར་དར་ལྕོག་འཐེན་རྒྱུ་དང་མཆོད་པ་བཤམ་རྒྱུ་སོགས་གྲ་སྒྲིག་གི་བྱ་བ་ དག་བྱེད་བཞིན་པའི་སྐབས་སུ། གནམ་ངོའི་སྤྲིན་པ་དག་སོ་སོར་གྱེས་ཏེ་ཉི་འོད་སེར་པོ་ཞིག་བར་མེད་དུ་འཕྲོས་ ཡོང་། དེ་ནས་བླ་མ་ཚང་ཡང་ཕེབས་ཏེ་ངེད་དཔོན་སློབ་གྱིས་ཁྲོ་མོ་སྨྲེ་བ་བརྩེགས་མའི་ཆོ་ གའི་སྒོ་ནས་རབ་གནས་དང་། གུ་རུ་རིན་པོ་ཆེའི་ཚོགས་མཆོད། སྡེ་བརྒྱད་གསེར་སྐྱེམས་བཅས་རིམ་བཞིན་གསུངས་ཤིང་། ཨ་རི་བ་ལྔ་བཅུ་ཙམ་ཞིག་གིས་ཀྱང་མཆོད་རྟེན་ལ་སྐོར་བ་བྱེད་པ་སོགས་ཅིག་བྱེད་ བཞིན་མ་ཁོམ་པར་འདུག ཉིན་འདི་ཚོར་སྤྲིན་ནག་གིས་བཏུམས་པའི་ས་ཆ་ཞིག་ཏུ་བསྡད་བསྡད་པའི་མཐའ་མར་ཉི་ འོད་དྲོན་པོ་ཞིག་གི་ཀློང་དུ་སྡོད་རྒྱུ་བྱུང་བ་འདི་ཡང་རང་ཉིད་ཀྱིས་བསགས་པའི་ བསོད་ནམས་ཤིག་གི་འབྲས་བུ་དུས་སུ་སྨིན་པ་འདྲ།
ཆོས་ཀྱི་ཆོ་ག་འདི་ཚར་ རྗེས་མང་པ་ལྷོད་ལྷོད་ངང་ཚོགས་རྫས་བཟའ་བ་དང་སྐད་ཆ་བཤད་དེ་རང་རང་ངོ་སྤྲོད་ བྱེད་པ་སོགས་ཀྱིས་བྲེལ་བ་ཁོལ་སོང་། དེ་ནས་རླངས་འཁོར་བཏང་སྟེ་སྦྱིན་བདག་ཚང་གི་ཁང་པར་སོང་ནས་ཉིན་གུང་གི་ཟ་མ་ཟོས། ཁོང་ཚང་གི་ཁང་པ་དེ་ནི་མཚོ་ཁའི་ས་བབ་མཐོ་སའི་སྤང་ལྗོངས་ཤིག་གི་སྟེང་དུ་ཡོད་ པ་དང་། མདུན་ལྗོངས་ཡོངས་རྫོགས་ཉེ་འགྲམ་གྱི་མཚོ་མོ་དང་རྒྱང་རིང་གི་རི་བོ། ད་དུང་གནམ་སྔོན་དང་སྤྲིན་དཀར་སོགས་ཡིན་ཞིང་། ཁང་པའི་མ་རྩར་ཨ་སྒོར་ས་ཡ་གཅིག་ལྷག་བཏང་ཡོད་པར་ཐེ་ཚོམ་མི་དགོས་པ་ཞིག་རེད། ད་དུང་གླེང་འོས་པ་འགའི་གཅིག་ནི། ཁོ་ཚང་གིས་ལུག་ནག་པོ་ཉི་ཤུ་ཙམ་ཞིག་གསོས་ཡོད་པ་དེ་དག་ཁང་པའི་ཉེ་འགྲམ་གྱི་ སྤང་ཁའི་སྟེང་དུ་བག་ཡངས་ངང་རྒྱུ་ཞིང་། སྦྱིན་བདག་གི་བཟའ་ཟླ་ནི་སྐད་གྲགས་ཅན་གྱི་རི་མོ་དང་འབག་བཟོའི་སྒྱུ་རྩལ་པ་ ཞིག་རེད། ངས་མོ་ལ་ཁྱོད་ཀྱི་རི་མོ་དག་དུས་རབས་གང་གི་རི་མོའི་གྲུབ་མཐའ་སུའི་ཁོངས་སུ་ གཏོགས་ཞེས་དྲིས་པར། མོས་མོའི་སྣུམ་ཚོན་རི་མོ་མང་ཤོས་ཤིག་ནི་ལེའོ་ནར་སྒྲོ་སྒྲ་ཝིན་སུleonardo da Vinceཡི་ རི་མོར་དཔེ་བླངས་ནས་བྲིས་པ་ཡིན་ཞིང་། ལ་ལ་ཞིག་ནི་དེང་རབས་རི་མོའི་འབྲི་སྟངས་སྤྱད་པ་ཡིན་ཟེར། དེ་ཡང་བུད་མེད་གཅེར་བུའི་སྐྱ་བྲིས་དང་། ར་མའི་སྣུམ་ཚོན་རི་མོ་མང་པོ། ཨ་རིའི་ཆེས་ཐོག་མའི་བུད་མེད་མཁའ་སྐྱོད་པ་རྒྱ་མཚོ་བརྒལ་མཁན་ཞིག་གི་འཇིམ་ བརྙན་སོགས་བརྩམས་ཆོས་ཕུལ་དུ་བྱུང་བ་ཏག་ཏག་བཤམས་འདུག ལེའོ་ནར་སྒྲོ་ཡི་རི་མོ་དག་ནི་དེང་སང་གི་པར་ཆས་ལས་ཐོན་པ་བཞིན་མི་དང་ཅ་དངོས་ དག་གསོན་པོ་དང་མངོན་སུམ་དུ་སྟོན་ཐུབ་པའི་རི་མོའི་སྒྱུ་རྩལ་ཕུལ་དུ་བྱུང་བ་ ཞིག་ཡིན་པས། ངས་དུས་རྒྱུན་དུ་བོད་པའི་རི་མོ་མཁན་ཚོས་ཀྱང་རང་རེའི་མི་ཡི་གཟུགས་བརྙན་བྲིས་ ཀྱང་མི་དང་མི་འདྲ་བའི་རི་མོ་འབྲི་སྟངས་འདི་དོར་ནས་ལེའོ་ནར་སྒྲོའི་རི་མོ་ འབྲི་སྟངས་འདིའི་ཕྱོགས་སུ་ཁ་ཕྱོགས་བསྒྱུར་ཐུབ་ན་ཅི་མ་རུང་སྙམ་བཞིན་ཡོད། dscn4126
ཟ་མ་ཟོས་མ་ཐག་ཏུ་ཁོ་བོ་ ལམ་སེང་ཁང་པའི་ཕྱི་ལོགས་སུ་བུད་དེ་ཉི་མར་ལྡེ་བ་དང་འདྲ་པར་རྒྱག་པ་སོགས་བྱས་ ཏེ་ཉི་འོད་དྲོན་མོ་དེ་རང་གི་ལུས་སྟེང་དུ་འདྲེན་ཅི་ཐུབ་བྱས་ཤིང་། དབྱར་ཁར་དམར་ཧྲེང་ངང་ཉི་མར་ལྡེ་དུས་གྲོགས་པོ་གྲོགས་མོ་ཚོར་ངས་རང་གི་ལུས་ པོར་གློག་གསོག་གི་ཡོད་ཅེས་རྗོད་བཞིན་ཡོད་ཅིང་། སྨན་པ་ཚོས་ཀྱང་མིའི་གཟུགས་པོར་ཉི་འོད་ནང་གི་འཚོ་བཅུད་Dཞེས་པ་དེ་ཧ་ཅང་དགོས་གལ་ཆེ་ཞིང་། དེ་ཉུང་ངུར་གྱུར་དུས་མིའི་སེམས་ཁམས་ཟང་ཟིང་ཆགས་པ་དང་ན་ཚ་འདྲ་མིན་ན་གི་ཡོད་ལུགས་ཟེར།
དེ་ནས་ཝ་ཞིང་ཁྲོན་མཐོ་ སློབ་ཀྱི་སློབ་དཔོན་ཆེན་མོ་ཡིན་ཟེར་བའི་བུད་མེད་ཅིག་དང་ངོ་ཤེས་སུ་གྱུར་ ཅིང་། མོ་ལ་བོད་པའི་རྩིས་ཀྱི་ལམ་ནས་རིམ་གྲོ་ཅི་དགོས་ལྟ་རོགས་ཟེར་བར་ཡང་ཁས་ལེན་ བྱས་པ་དང་། སྔོན་ཆད་ནས་ངོ་ཤེས་པའི་བུད་མེད་རང་གི་བུ་མོ་གཅིག་དང་ཧེ་ཁྲེར་ས་ཡོམ་བརྒྱབ་ རྗེས་དེ་ནས་དྭ་ཕྲུག་ཅིག་བུ་ཚབ་ཏུ་བླངས་པ་ཞིག་ཡོད་པ་དེའི་བྱིས་པ་གཉིས་ལ་ཁ་ བརྡ་བྱས། བུ་མོ་དེ་ལོ་ལྔ་དང་ཟླ་བ་བཅུ་གཅིག་ཙམ་ཡིན་ཡང་སྐད་ཆ་བཤད་དུས་མི་རྒན་པ་ཅི་ བཞིན་དུ་རྒྱ་ཆེ་ས་ནས་བཤད་ཀིན་འདུག དེ་ཡང་འཛམ་གླིང་གི་ལོ་རྒྱུས་དང་སྲིད་དོན་སོགས་བཤད་པ་དང་། མོ་ཆེས་དགའ་སའི་སྲོག་ཆགས་ནི་རྒྱ་ནག་གི་དོམ་ཁྲ་ཡིན་ཟེར། ངས་དོམ་ཁྲ་དེ་རྒྱ་ནག་ཏུ་ཡོད་པ་མ་རེད་བོད་དུ་ཡོད་པ་རེད། ཁྱེད་རང་ག་རེ་བྱས་ནས་དོམ་ཁྲ་ལ་དགའ་བོ་ཡོད་ཅེས་དྲིས་པར། རྒྱུ་མཚན་ནི་དོམ་ཁྲས་སྨྱུག་མ་གཅིག་པོ་བཟའ་གི་རེད། ང་སྨྱུག་མ་ལ་དགའ་བོ་ཡོད་ཟེར། དེ་ནས་ཡང་ཁྱེད་རང་ཅིའི་ཕྱིར་སྨྱུག་མ་ལ་དགའ་བོ་ཡོད་ཅེས་དྲིས་པར། རྒྱུ་མཚན་ནི་སྨྱུག་མ་དེ་རྟག་པར་ལྗང་ཐིང་ཐིང་འདུག་ཟེར་བ་སོགས་ཆེས་དྭངས་གཙང་ གི་བྱིས་བློ་ལས་བྱུང་བའི་སྐད་ཆ་སྙན་ལ་དགོད་བྲོ་བ་དེ་འདྲ་མང་པོ་ཞིག་བརྗོད་ སོང་། མོའི་མ་རྒན་གྱིས་གང་མགྱོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ག་གེ་མོ་ཞིག་ནས་བྱིས་པ་ལོ་ དགུ་ཅན་དང་བཞི་ཅན་སྤུན་མཆེད་ཡིན་པ་གཉིས་བུ་ཚབ་ཏུ་ལེན་གི་ཡིན་ཟེར།
ཆུ་ཚོད་གསུམ་པ་ཙམ་ཞིག་ལ་ གྲུ་གཟིངས་ལ་བསྡད་དེ་ཕྱིར་ལོག གྲུ་གཟིངས་ཀྱི་སྟེང་ནས་རང་གི་མགོ་ཐོག་ནས་འཕུར་ལྡིང་བྱེད་བཞིན་པའི་མཚོ་བྱ་ འགའ་པར་དུ་བླངས། རླངས་འཁོར་ནང་གྲོགས་པོ་གྲོགས་མོ་འགར་ཁ་པར་བཏང་སྟེ་ཚེས་བཅུ་གཉིས་ཀྱི་དགོང་ མོར་མཉམ་དུ་འདུས་ནས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་ཞིག་དང་ མཉམ་དུ་འཐེན་ཐུག་ཞིམ་པོ་ཞིག་འཐུང་ཞེས་བརྗོད།
ནང་ལ་ལོག་ནས་ངོ་དེབ་ཀྱི་ ཁ་ཕྱེས་པ་ཏེ་ཐེངས་འདིའི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་དངུལ་གྱི་སྦྱིན་བདག་ ལགས་དང་གདོང་ཐུག་བརྒྱབ་ཅིང་། ཁོང་གིས་ཉིན་འགར་བྲེལ་བ་ཆེ་བས་དྲ་ཐོག་ཏུ་ཡོང་ཐབས་མ་བྱུང་། སང་ཉིན་འཛིན་གྲྭ་མེད་པས་དངུལ་དེ་བསྐུར་གི་ཡིན་གསུངས་སོང་བས། ཐུགས་རྗེ་ཆེ་ཞུས། ད་དུང་ར་རྒྱ་བ་བློ་དབང་ལགས་ཀྱིས་ངོ་དེབ་ཀྱི་འདྲ་པར་མཆོད་མེར་བསྒྱུར་ཏེ་བོད་ ནང་གི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་རོགས་ཟེར་བར། ངའི་ངོ་དེབ་ཀྱི་པར་དེའི་རྒྱབ་ལྗོངས་སུ་གངས་རི་དཀར་པོ་ཞིག་ཡོད་པས་དེས་ཡོད་ ཚད་མཚོན་ཐུབ་ཅེས་བརྗོད་ཅིང་། ཡང་ཁོང་གི་ཐུགས་རེ་བཞིན་ངོ་དེབ་ཀྱི་འདྲ་པར་མཆོད་མེའི་པར་ཞིག་དང་བརྗེས་ཏེ། མཆོད་མེ་རྐོང་བུ་གང་གིས། །དམར་པོ་ཁྲག་གིས་འཚོས་པའི། །སྤུན་ཟླའི་རྣམ་ཤེས་དྲོན་མོར། །ཕེབ་སྐྱེལ་ཐེངས་ཤིག་ཞུ་འོ། །ཞེས་ཀྱང་འབྲི་བར་ཐལ།
དེ་ནས་རྒྱ་མོ་སོ་ནི་ཡ་ལ་ དེ་རིང་གི་འདྲ་པར་འགའ་བསྐུར་པས་མོ་རང་དགའ་ཐག་ཆོད་སོང་། མུན་རུབ་ཅིང་གནམ་གཤིས་ཇེ་གྲང་དུ་གྱུར་པས་ཚ་གློག་སྤར། གཟུགས་པོ་ཚར་གཅིག་འཁྲུ་དགོས་ཀྱང་ཐོག་མར་ཉིན་ཐོ་འདི་བྲིས། དགོང་ཟས་ཤིག་བཟའ་དགོས་པས་གང་དུ་སོང་ན་བཟང་། གཅིག་བརྗེད་འདུག དེ་རིང་སྦྱིན་བདག་གིས་སྤྲད་པའི་ཡིག་ལྐོགས་དེའི་ནང་དུ་དངུལ་ག་ཚོད་ཡོད་དམ། ཉིས་བརྒྱ་སུམ་བརྒྱ་ཞིག་ཡོད་པར་ཤོག དྲ་གྲོགས་ཁྱེད་ཚོས་ཀྱང་ཡིག་ལྐོགས་དེའི་ནང་དུ་དངུལ་མང་པོ་ཞིག་ཡོད་པའི་སྨོན་ ལམ་སྐྱོན་ཤོག་ཨ།
དེ་རིང་ནི་གཟའ་སྤེན་པ་ ཡིན་པས། བརྙན་འཕྲིན་ལས་ཨ་རིའི་ཕྱུག་བདག་མར་ཁེ་སྒ་ལ་ཟེར་བ་ཞིག་གིས་ལོ་སི་ཨེན་ཇུ་ལི་ སིའི་བུད་མེད་ཆགས་པའི་སྒྱུ་རྩལ་མཁས་པ་སྐད་གྲགས་ཅན་ཞིག་ལ་ཟླ་བ་བཅུ་གསུམ་གྱི་ རིང་ཨ་སྒོར་ས་ཡ་བདུན་གྱི་འགྲོ་སོང་བཏང་ལུགས་དང་། མཐའ་མར་དགའ་རོགས་མ་དེས་མོ་ལ་ཉོས་པའི་ཨ་སྒོར་ས་ཡ་དུ་མའི་རིན་ཐང་ཅན་གྱི་རྒྱན་ ཆ་དག་ཁྱེར་ནས་མོའི་དགའ་རོགས་གཞན་ཞིག་དང་མཉམ་དུ་བྲོས་སོང་ལུགས་སོགས་ཀྱི་ དངོས་བཤུས་གློག་བརྙན་ཞིག་སྟོན་བཞིན་འདུག ངས་འདི་ནས་རང་ཉིད་སྤྲང་པོ་ཡིན་བཞིན་དུ་གཞན་གྱི་སྒོར་མོ་ས་ཡ་དང་ས་ཡའི་སྐོར་ བརྗོད་པ་འདི་ནི་རང་ལ་ཉམས་རྟོགས་ཅི་ཡང་མེད་པར་ས་བཅུ་ལམ་ལྔ་དོན་བདུན་ཅུ་སོགས་ ཀྱི་གྲངས་འདྲེན་བློ་འཛིན་བྱེད་པ་དང་མི་འདྲའམ།

0 བསམ་ཚུལ་འདོན་པ།:

Post a Comment