ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Sunday 30 October 2011
dscn4857
སྤྱི་ཟླ་བཅུ་པའི་ཚེས་སུམ་ཅུ།
རྨི་ལམ་རིང་པོ་ཞིག་བཏང་ སོང་ཡང་གཙོ་བོ་དེ་ནི་ཁོ་བོ་ཆང་སའི་དགའ་སྟོན་ལྟ་བུ་མི་ཚོགས་ཆེན་པོ་ཞིག་གི་ དཀྱིལ་དུ་འདུག་ཅིང་། མི་ཚང་མས་ཚུར་མེ་ཏོག་གཏོར་ཡོང་གིན་འདུག་ལ་ཕར་ཡང་མེ་ཏོག་སྤར་མོ་དང་སྤར་མོ་ བྱས་ཏེ་གཏོར་བཞིན་འདུག དེ་ནི་སྤྱོད་འཇུག་ལས། ཕན་ཚུན་མཚོན་གྱིས་འདེབ་པ་དེ་ཡང་ནི། །དེང་ནས་བརྩམས་ཏེ་མེ་ཏོག་འཕེན་པར་ཤོག །ཅེས་པ་དེ་དང་འདྲ་བོ་འདུག
ཆུ་ཚོད་བདུན་དང་ཕྱེད་ཀར་ དུས་བཀག་ཆུ་ཚོད་ཀྱི་ཅོང་བརྡས་གཉིད་དཀྲོགས་སོང་བས་ཡར་ལངས། གནམ་ངོ་རུབ་ཅིང་ཆར་པ་ཟམ་ཟིམ་ཞིག་འབབ་བཞིན་འདུག་ལ། གནམ་གཤིས་གྲང་མོ་འདུག་པས་ཚ་གློག་སྤར། གཟུངས་སྔགས་བགྲང་བཞིན་གློག་ཀླད་ཀྱི་ཁ་ཕྱེ་སྟེ་དྲ་ཚིགས་ཁག་ཉུལ། གསར་འགྱུར་ཆེན་པོ་ཞེ་དྲགས་མི་འདུག་ཀྱང་། ཨ་རིའི་ཤར་ཕྱོགས་ཞིང་ཆེན་ཞིག་ནས་བྱིས་པ་ཞིག་བོར་ནས་ཉིན་དྲུག་ཕྱིན་པའི་རྗེས་ སུ་ནགས་གསེབ་ཅིག་ཏུ་རྙེད་པ་དང་། བྱིས་པའི་གདོང་ན་རྨ་ཤུལ་ཕྲན་བུ་ཞིག་ཡོད་པ་ལས་གཞན་གྱིས་གནོད་འཚེ་བཏང་བའི་ རྟགས་མཚན་ཆེན་པོ་དེ་འདྲ་ཅི་ཡང་མེད་ལ་གྲོད་ཁོག་ལྟོགས་ཀི་ཡོད་པའི་བཟོ་ལྟ་ཡང་ མི་འདུག་ཅིང་། དེའི་ཨ་མ་དང་ཉེན་རྟོག་པ་ཚོས་དཀོན་མཆོག་གིས་ང་ཚོས་གསོལ་བ་བཏབ་པ་དེ་གསན་ནས་ང་ ཚོས་བྱིས་པ་དེ་རྙེད་ཐུབ་པ་བྱུང་སོང་ཞེས་བརྙན་འཕྲིན་གསར་འགོད་པར་རྗོད་བཞིན་ འདུག་པས། གལ་སྲིད་བྱིས་པ་དེ་མ་རྙེད་པ་ཡིན་ན་དཀོན་མཆོག་གིས་མ་གསན་པར་འགྱུར་རམ་སྙམ་པ་ ཞིག་ཀྱང་བྱུང་།

ཨ་རི་བ་སྐྱེས་སྨན་ཞིག་ གིས་ཁྱེད་ལ་ཅིག་འདྲི་རྒྱུ་འདུག་ཟེར། ག་རེ་རེད་དྲིས་པར་སྙིང་རྗེའི་སྐོར་ནས་རེད། ང་ལ་སྐྱེས་པ་ཞིག་གིས་སྡུག་པོ་ཞེ་དྲགས་བཏང་སོང་བས་ཁྱེད་ལ་སྙིང་རྗེ་སྒོམ་ཐུབ་ ཀི་མི་འདུག ཁོ་མི་སྡུག་ཅག་ཞེ་བོ་ཞིག་ཡིན་ཟེར་བས། ཁྱེད་ཀྱིས་ཉི་མ་རྟག་པར་ཁོ་མི་སྡུག་ཅག་ཅིག་ཡིན་ཨང་ཞེས་བསམ་བློ་མི་སྐྱིད་པ་ ཏག་ཏག་བཅངས་ནས་བསྡད་ན་སྐྱིད་པོ་འདུག་གམ། ཡང་ན་ཁོ་གུ་ཡངས་སུ་བཏང་སྟེ་སེམས་པ་ལྷོད་ལྷོད་བྱས་ནས་བསྡད་ན་སྐྱིད་པོ་འདུག་ དྲིས་པར། སེམས་པ་ལྷོད་ལྷོད་བྱས་ནས་བསྡད་ན་སྐྱིད་པོ་འདུག་ཟེར། ཡང་དེ་ནས་བཟུང་སྐྱེས་པ་ཚོའི་ཕྱོགས་སུ་ཡིད་ཆེས་རྩ་བ་ནས་བརླགས་སོང་ཟེར་བས། སྐྱེས་པ་ཚང་མི་སྡུག་ཅག་མ་རེད། དཔེར་ན་སྟོན་པ་སངས་རྒྱས་དང་གན་རྡི། ཏྰ་ལའི་བླ་མ་སོགས་སྐྱེས་པ་ཡག་པོ་ག་ཚོད་ཅིག་འདུག ཁྱེད་རང་ཐུག་ས་དེ་མ་འགྲིགས་པ་རེད་ལབ་པས་དེ་བདེན་པ་རེད་ཟེར། ཁྱེད་རང་ནང་པ་ཡིན་པས་ཞེས་དྲིས་པར་གཟའ་འཁོར་སྔོན་མར་སྐྱབས་འགྲོའི་སྡོམ་པ་ ཞུས་པ་ཡིན་ཟེར། དེས་ན་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་བྱེད་དགོས་པ་རེད། ཁྱེད་ལ་སྡུག་པོ་བཏང་བའི་སྐྱེས་པ་དེས་སྐྱེ་བ་སྔ་མ་གྲངས་མེད་པ་ཞིག་ལ་ཁྱེད་རང་ གི་ཨ་མ་བྱས་ནས་དྲིན་གྱིས་བསྐྱངས་ཡོད་པ་རེད། སྐྱེ་བ་གྲངས་མེད་ཁྱེད་ཀྱི་ཨ་མ་བྱས་པ་དང་ད་རེའི་མི་ཚེའི་ནང་ཁྱེད་ལ་སྡུག་པོ་ སྤྲད་པ་གཉིས་མཉམ་དུ་བཞག་ནས་བསྡུར་བ་ཡིན་ན་གང་གལ་ཆེ་གི་ལབ་པས། དེ་ནི་ཨ་མ་གྲངས་མེད་བྱས་པ་དེ་གལ་ཆེ་གི་ཟེར། དེ་རེད། འདས་པའི་སྐྱེ་བ་དུང་ཕྱུར་མང་པོ་དང་མ་འོངས་པའི་སྐྱེ་བ་དུང་ཕྱུར་མང་པོའི་ དཀྱིལ་གྱི་ད་ལྟའི་མི་ཚེ་ཐུང་ཐུང་འདི་ནི་ཞེ་དྲགས་ཆུང་ཆུང་ཞིག་རེད། སྐྱེ་བ་འདི་ལ་ཡག་ཉེས་ག་རེ་བྱུང་ན་ཡང་སྐྱེ་བ་དུང་ཕྱུར་དེ་ཚོ་དང་བསྡུར་ན་དེ་ ཙམ་གནད་འགག་ཆེན་པོ་ཞིག་མ་རེད་བརྗོད་པས། འོ་ན་ངས་ཁོའི་ཆེད་དུ་སྨོན་ལམ་རྒྱག་དགོས་སམ་ཟེར། དང་པོར་ཁོ་ལ་གུ་ཡངས་སྤྲོད་ཐུབ་མིན་ལྟོས། གུ་ཡངས་སྤྲོད་ཐུབ་ན་དེ་ནས་ཁོའི་ཆེད་དུ་སྨོན་ལམ་རྒྱོབས་ཞེས་བརྗོད། ཡང་ཁོ་མི་སྡུག་ཅག་ཅིག་ཡིན་ན་སྐྱེ་བ་རྗེས་མར་དམྱལ་བར་འགྲོ་སྲིད་པ་ཞིག་རེད། མི་དམྱལ་བར་འགྲོ་སྲིད་པ་ཞིག་ལ་ཁྱོད་ཀྱིས་ད་དུང་ཁོང་ཁྲོ་སྐྱེ་བཞིན་འདུག་གི་ ཡིན་ནམ་ཁོ་ལ་གུ་ཡངས་སྤྲོད་ཀྱི་ཡིན་ལབ་པར། གུ་ཡངས་སྤྲོད་ཀྱི་ཡིན་ཟེར་བས། ངའི་རེ་བར་གུ་ཡངས་སྤྲོད་པ་དེ་ཡག་ཤོས་རེད་ཅེས་བརྗོད་པས་ཐུགས་རྗེ་ཆེ་ཟེར།
སང་ཉིན་ཨ་རིའི་རྒྱལ་ཡོངས་ ཀྱི་གདོན་འདྲེའི་དུས་ཆེན་ཡིན་ཡང་དེ་རིང་གཟའ་ཉི་མར་འདི་གར་ཚོགས་མི་དག་འཛོམས་ ནས་དུས་ཆེན་དེ་སྲུང་རྩི་བྱས་ཤིང་། བྱིས་པ་ཚོས་གདོན་འདྲེའི་ངོ་འབག་དང་གྱོན་ཆས་གྱོན་ནས་ཕར་རྒྱུགས་ཚུར་རྒྱུགས་ བྱེད་པ་དང་། མི་རྒན་ཚོས་རང་རང་གི་ནང་ནས་ཟ་མ་ཁྱེར་ཡོང་སྟེ་མཉམ་གཅིག་ཏུ་བཟའ་བཏུང་ལ་རོལ་བ་ སོགས་སྐྱིད་པོ་ཞིག་བྱུང་ལ། རང་ཉིད་ཆུང་ཆུང་ཡིན་དུས་ལོ་གསར་ལ་རེ་སྒུག་བྱས་ཤིང་ལོ་གསར་བསླེབས་དུས་སྐྱིད་ པོ་བྱུང་སྟངས་སོགས་ཀྱང་དྲན་པར་གྱུར། mahler
ཉིན་གུང་རྒྱབ་ལོགས་སུ་ བརྙན་འཕྲིན་ལས་སྦེ་ཐོ་ཝིན་ལས་ཞན་ཆ་སྤུ་ཉག་ཙམ་ཡང་མེད་པའི་སྒོ་ནས་སྙན་གྲགས་ ཀྱིས་ས་ཆེན་གཡོ་བའི་ཨ་སི་ཁྲོ་རི་ཡའི་རོལ་དབྱངས་རྩོམ་པ་པོ་ཁྱད་འཕགས་གུ་སུ་ ཀྲ་མ་ལེར་(Gustav Mahler 1860-1911) མི་ཚེ་དང་རོལ་མོ་ངོ་སྤྲོད་བྱེད་པ་ཞིག་ལ་བལྟས། ཁོང་ནི་ཡོ་རོབ་གླིང་ཆེན་ན་སྙན་པར་གྲགས་པའི་སྒྱུ་རྩལ་པའི་ལྷ་ཡུལ་དུ་གྲགས་ པའི་གྲོང་ཁྱེར་ཝེ་ཡ་ན་རུ་གྲགས་པའི་རྫ་རྔ་སྙན་པར་བརྡུངས་རྗེས། མི་ཚེའི་ལྷག་མ་དེ་སྐབས་དེ་དུས་ནས་སྒྱུ་རྩལ་པའི་དག་ཞིང་དུ་འབོད་པའི་ཨ་རིའི་ གྲོང་ཁྱེར་ཆེན་པོ་ཉིག་ཡོར་དུ་བསྐྱལ། ཁོའི་སྙིང་ནས་གཅེས་པའི་བུ་མོ་ན་ཚས་གྲོངས་རྗེས་ཁོའི་མི་ཚེའི་ནང་དུ་བརྡབ་ གསིག་ཆེན་པོ་ཞིག་ཐེབས། ཁོའི་རོལ་མོ་དག་གིས་ཁྱོད་རང་སྐྱེ་འཆི་དང་རྨི་ལམ། སྒྱུ་འཕྲུལ་དང་འཆར་ཡན་སོགས་ཀྱི་ཀློང་དུ་དཀའ་ངལ་ཅི་ཡང་མེད་པར་འཁྲིད་སྲིད་ ཅིང་། ཁོའི་ཡོ་རོབ་ཀྱི་དྲང་སྲོང་ལྟ་བུའི་མི་ཚེ་སྐྱེལ་སྟངས་དེས་ཀྱང་ཁྱོད་ལ་སྒྱུ་ རྩལ་གྱི་ཡང་སྙིང་ན་ཁུ་སིམ་ངང་གཉིད་དུ་ཡུར་བའི་ཚེ་སྲོག་གི་རྡུལ་ཕྲན་རེ་རེའི་ ལྐོག་གྱུར་གྱི་མཛེས་པ་དག་ངོ་སྤྲོད་བྱེད་སྲིད། རོལ་མོ་དང་སྙན་ངག་ལ་རྒྱལ་ཁབ་ཀྱི་ས་མཚམས་མེད་ཅེས་པ་དེ་ནི་བདེན་པར་འཁུམ་སྟེ། ཡོ་རོབ་གླིང་ཆེན་གྱི་ལེའོ་ནར་སྒྲོ་ལྟ་བུའི་རི་མོ་བ་གྲགས་ཅན་དང་རན་སྦོ་ལྟ་ བུའི་སྙན་ངག་པ་གྲགས་ཅན། སྦེ་ཐོ་ཝིན་དང་མ་ལེར་ལྟ་བུའི་རོལ་མོ་བ་གྲགས་ཅན་འདི་ཚོས་ཁོ་བོའི་ཡིད་དབང་ དུས་དང་དུས་སུ་ཕྲོགས་དང་འཕྲོག་བཞིན་ཡོད་ཅིང་། ཆོས་ལུགས་དང་རིག་གཞུང་མི་འདྲ་བར་མ་ལྟོས་པར་མི་དང་མིའི་བར་གྱི་ཤེས་རབ་ཀྱི་ མཛེས་སྡུག་འདི་བསྐལ་པའི་བར་དུ་འོད་དུ་འཚེར་ཞིང་རླུང་དུ་ལྡང་བར་བྱེད་དོ།།
གནམ་ངོ་རུབ་ཅིང་སྟོན་ རླུང་གྲང་མོ་ཞིག་གིས་སྡོང་ལོ་སེར་པོ་དག་ལྗོན་ཤིང་གི་ཡལ་གའི་སྟེང་ནས་བཏོགས་ ཏེ་ལམ་ཁའི་གཡས་གཡོན་གང་སར་འདེད་བཞིན་འདུག རྔ་བ་ཤེས་རབ་ཀྱི་ངོ་དེབ་ལས་ཁྱི་དང་བྱི་ལ་སོགས་ཀྱིས་རང་རང་གི་གྲོགས་པོ་ གྲོགས་མོ་ཤི་རྗེས་སེམས་པ་སྐྱོ་བའི་རྣམ་འགྱུར་དྲག་པོ་དང་བཅས་མྱ་ངན་བྱེད་ སྟངས་མིག་ཆུ་ཤོར་འགྲོ་བ་ཞིག་ལ་བལྟས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ཅན་འདི་དག་ཐམས་ཅད་སངས་རྒྱས་རྒྱུ། །ཞེས་མ་གསུངས་སམ།
བརྙན་འཕྲིན་གསར་འགྱུར་ལས་ ཨ་རིའི་བྱང་ཤར་ཕྱོགས་ཀྱི་མེ་རེ་ལན་སྒྲི་དང་ཉིག་ཡོར་སོགས་སུ་གངས་འཚུབ་བརྒྱབ་ སྟེ་དོ་དགོང་མི་ས་ཡ་གསུམ་ལ་གློག་ཆད་འདུག་ལ། སྦ་སི་ཁྲོན་ནས་ཉིག་ཡོར་དུ་བགྲོད་པའི་འགྲུལ་སྐྱེལ་མེ་འཁོར་ཞིག་ཀྱང་གངས་འཚུབ་ ཀྱི་རྐྱེན་གྱིས་ལམ་སྟེང་ནས་མདུན་བསྐྱོད་བྱེད་མ་ཐུབ་པར་ཆུ་ཚོད་བཅུ་བཞིའི་ རིང་ལུས་ཤིང་། འགྲུལ་བ་ཚོས་མཚན་ཧྲིལ་བོ་གཅིག་མེ་འཁོར་ནང་བསྐྱལ་རྗེས་རླངས་འཁོར་བཙལ་ཏེ་ལམ་ ལ་ཆས་པའི་སྐོར་ཞིག་འདུག་ཅིང་། དེ་ལས་ལོ་ངོ་ཉི་ཤུའི་སྔོན་ལྷ་ས་ནས་དཔེ་སྐྲུན་བྱས་པའི་དུས་དེབ་ཅིག་ལས་ར་ཤི་ ཡའི་རིགས་འདེད་བརྩམས་སྒྲུང་མྱུར་བགྲོད་མེ་འཁོར་སྟེང་གི་ལྐོག་གསོད་གྱོད་གཞི་ཞེས་ པ་ཞིག་ལ་བལྟས་པ་དྲན་ཡོང་ཞིང་། ལོ་གཉིས་སྔོན་ཞིག་ལ་སྒྲུང་གཏམ་དེ་གློག་བརྙན་དུ་འཁྲབས་པ་ཞིག་ཀྱང་འདི་ནས་ཆེས་ སྟེས་དབང་ཞིག་གིས་མཐོང་མྱོང་།
ཉེ་འཁོར་གསར་འགྱུར་ལས། མདང་དགོང་ཁང་པ་ཞིག་ལ་མེ་ཤོར་ནས་ནང་དུ་སྡོད་པའི་སྐྱེས་པ་ཞིག་དང་བུད་མེད་ཅིག་ ཤི་འདུག ཁ་ལི་ཧྥོ་ནི་མཚོ་རྒྱུད་དུ་སྐྱེས་པ་ཞིག་གི་མཚོ་ནང་དུ་རྐྱལ་རྩེདབ་བྱེད་སྐབས་ ཉ་ཆེན་སོ་རྣོན་ཅན་ཞིག་ཡོང་སྟེ་ཅུང་མིན་ན་སྲོག་ཤོར་འདུག སི་ཁྲེ་ཝིན་རྗ་སྦུ་གྲོངས་པ་དེས་སྦིལ་སྒེ་ཚེ་དགའ་བོ་བྱུང་ཡོད་མེད་ཀྱི་དྲི་བ་ དྲི་ལན་ཞིག་ལས་སྦེལ་གྱིས་ཁོ་དང་ངེད་གཉིས་བར་འབྲེལ་བ་ཡག་པོ་ཡོད་ཅེས་བརྗོད་ སོང་།
རྒྱ་མོ་དབྱངས་སྐྱིད་དང་ ལྷན་དུ་གནམ་ཀླད་ལས་མི་ཚེའི་དཀའ་རྙོག་སྐོར་ཆུ་ཚོད་གཅིག་ཙམ་དབྱིན་ཡིག་གི་ལམ་ ནས་ཁ་བརྡ་བྱས། དེ་ཡང་དགེ་ཆོས་ཀྱིས། བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས། །ཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པས། །འཕྲལ་སྣང་བདེ་བའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས། །ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣང་རེ་འདུག་གོ །ཅེས་པ་ནི་ཅེས་མ་བདེན་སྙམ་པ་ཞིག་བྱུང་། རྒྱ་མོ་འདི་གཤིས་རྒྱུད་འཇམ་ཞིང་འགྲོགས་ན་བཟང་བའི་བུ་མོ་ཁྱད་དུ་འཕགས་པ་ཞིག་ འདུག་ཀྱང་། མོ་རང་ལ་ཡང་མོ་རང་གི་ཚོད་ཀྱི་དཀའ་རྙོག་དུ་མ་ཞིག་ཡོད་ཅེས་བརྗོད་བྱུང་།
སྐབས་འདིར་གྲོད་པ་ལྟོགས་ནས་བཟོད་ཐབས་མི་འདུག་པར་ཆར་སྨུག་གི་ཁྲོད་དུ་ལམ་ ཚིགས་གསུམ་གྱི་མཚམས་སུ་ཡོད་པའི་མེག་སི་ཁོའི་ཟ་ཁང་དེར་སོང་སྟེ་བག་ལེབ་སྲབ་ བུའི་ཁུག་ཏུ་ཤ་དང་ཚལ་གཅུད་ཡོད་པ་ཞིག་ཉོས་ནས་ནང་དུ་ལོག་སྟེ་བཟའ་ཞོར་ཉིན་ ཐོའི་འཕྲོ་མ་བྲིས།

1 comment:

  1. ངོ་མ་ཅིག་སྙན་གི་ལགས། མུ་མཐུད་དུ་འབྲི་རོགས་གནང་།

    ReplyDelete