ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Tuesday 1 November 2011
dscn4876
མདང་དགོང་ཞག་གང་བོར་རྨི་ ལམ་རབ་རིབ་རྐྱང་རྐྱང་བཏང་། ལུག་མང་པོ་ཞིག་ར་བར་འཛུད་མ་ཐུབ་པར་དཀའ་ངལ་མྱོང་བཞིན་འདུག གྲོགས་པོ་སྤྲུལ་སྐུ་ཞིག་གི་ཁང་པའི་ནང་དུ་བསྡད་ཡོད་དུས་མི་འགའ་ཡོང་ནས་བསུན་ པོ་ཚད་མེད་བཟོས། བྱིས་པ་ཡིན་དུས་ཀྱི་ངེད་ཚང་གི་འབྲི་ནག་པོ་ཞིག་ཡོད་པ་དེས་མི་སྐད་བཤད་ནས་ རྒྱབ་ལོགས་ན་གི་འདུག་ཟེར། མོ་མོ་བཟོ་སྤྱད་ཀྱི་ཤ་དམར་པོ་དེ་འདྲ་མང་པོ་ཞིག་རྨིས་པ་དེ་ཆམ་པ་ཕོག་སྟེ་ གཟུགས་པོ་ན་བའི་ངོ་ཡིན།
ཆུ་ཚོད་བདུན་པར་ཆུ་ཚོད་ ཀྱི་ཅོང་སྒྲས་གཉིད་ལས་དཀྲོགས། མལ་ཁང་ཧ་ཅང་འཁྱགས་པས་ཚ་གློག་བཏང་། ཉལ་སའི་ནང་ནས་མིག་གཉིས་གདངས་མ་བཙུམས་ཀྱིས་དྲ་ངོས་ཉུལ། འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ལ་བསླེབས་པ་དང་། རྒྱ་ནག་གི་སྒྱུ་རྩལ་པ་ཨེ་ཝེ་ཝེ་ལ་ཉེས་ཆད་རྒྱ་སྒོར་ཁྲི་༡༥༠༠བཏང་བ་མཐོང་། ཕྱི་རོལ་གྱི་ནམ་མཁའ་སྔོ་ཞིང་གྲང་ངར་ཁྲོད་ཉི་འོད་སེར་པོ་ཞིག་སྨུག་སྤྲིན་སྲབ་ བུ་ཞིག་བརྟོལ་ནས་ས་སྟེང་དུ་འཕྲོས། སྨུག་པའི་སེང་རས་ཀྱི་གསེབ་ནས་ཉི་འོད་ཀྱི་ལྗོན་པའི་ལོ་འདབ་སེར་པོ་དེ་ཚོ་ བརྒྱུད་ནས་གསེག་སྟེ་འཕྲོ་བའི་ངང་ཚུལ་སྙིང་རྗེ་བོ་དེར་འདྲ་པར་འགའ་བརྒྱབ་ཀྱང་ ཡིད་ཚིམ་པ་ཞིག་མ་བྱུང་།

དྲུང་ཡིག་ཇོན་གྱིས་པར་ འདེབ་འཕྲུལ་ཆས་སྐྱར་དཔར་ལྷན་སྦྱར་མ་ཞིག་ཁོ་བོའི་ལས་ཁུངས་ཆུང་ཆུང་དེའི་ནང་ དུ་བསྒྲིགས། ཁོང་ལ་ཀུ་ཤུ་གློག་ཀླད་ཅིག་ཉོ་ན་འདོད་པས་རིགས་གང་ཞིག་ཡག་པོ་ཡིན་ལུགས་སྐོར་ དྲིས། རང་གིས་ལོ་འགའི་སྔོན་དབྱིན་ཡིག་ནས་བོད་སྒྱུར་བྱས་པའི་ཨ་རིའི་གདོད་མིའི་ སྒྲུང་དེབ་ཆེས་ཐོག་མའི་དུས་ཞེས་ པ་དང་འཛམ་གླིང་གི་གྲགས་ཅན་མི་སྣ་འགའི་ལོ་རྒྱུས་ཀྱི་མ་ཕྱི་ངོ་མ་དེ་རྙེད། ཆུ་ཚོད་བཅུ་གཅིག་རེད། ཉི་འོད་དྲོན་པོ་ཞིག་མལ་ཁང་དུ་འཕྲོས་པའི་ཀློང་ནས་ཉིན་ཐོ་འདི་འབྲི་མགོ་བརྩམས།
ཨེ་ཤི་ཡའི་རང་དབང་རླུང་ འཕྲིན་གསར་འགྱུར་དྲ་བ་ལས། བལ་ཡུལ་དུ་བོད་དོན་སྤེལ་མཁན་བོད་མི་བརྒྱ་ཙམ་ཉེན་རྟོག་པས་འཛིན་བཟུང་བྱས་ཚུལ་ ཞིག་མཐོང་། རྒྱ་ནག་གི་རྗེས་ནས་བལ་ཡུལ་ནི་བོད་དོན་ལ་དྲག་གནོན་བྱེད་མཁན་རྒྱལ་ཁབ་ཨང་དང་ པོ་དེ་རེད། ཡིན་ཡང་ཁོ་ཚོར་ཁག་མེད། ཁོ་ཚོའི་ལྟོ་གོས་རྒྱ་ནག་ལ་རེ་དགོས་དུས་དེ་ལྟར་མི་བྱེད་ཀ་མེད་རེད། བལ་ཡུལ་གྱི་ངོས་གཅིག་ནི་ཆོས་ལུགས་ཀྱི་ཞིང་ཁམས་ཤིག་དང་ངོས་གཅིག་ནི་ཇག་རྐུན་ གྱི་ལུང་པ་ཞིག་རེད། རྒྱ་ནག་ཧུའུ་ནན་གྱི་ཉེན་རྟོག་དཔོན་པོ་ཞིག་ར་བཟི་ནས་རླངས་འཁོར་སྨྱོ་གཏོང་ བྱས་ཏེ་མི་སེར་བདུན་བསད་ཅིང་། ཉེན་རྟོག་པ་ཚོས་ཁོའི་ནག་ཉེས་འགེབ་ཐབས་བྱས་པར་མི་མང་གིས་ངོ་རྒོལ་དྲག་པོ་བྱས་ འདུག་ཅིང་། མི་རོ་ཚལ་བུར་གཏུབས་པའི་འདྲ་པར་ཡང་འདུག
ཆུ་ཚོད་བཅུ་གཉིས་སྟེང་ གྲོགས་པོ་ཞིག་དང་མཉམ་དུ་བསྟན་འཛིན་རིག་གྲོལ་གྱིས་ས་དེ་བོད་ནས་ཇི་ལྟར་ཁྱེར་ ཡོང་བའི་སྐོར་གསལ་བཤད་མི་བྱེད་པ་དེའི་རྒྱབ་ལོགས་སུ་གསང་བ་ཞིག་ཡོད་ཐག་ཆོད་ འདྲ་ཞེས་ཁ་བརྡ་བྱས།
ཆུ་ཚོད་དང་པོ་དང་ཕྱེད་ཀ་ ཙམ་ལ་ལྕགས་རྟ་ཞོན་ནས་མཚོ་ལྗང་ཁུའི་འགྲམ་བརྒྱུད་དེ་སྐྱོད་སྐབས་གཡས་ཕྱོགས་ ཤིག་ནས་བུད་མེད་ཅིག་གིས་སྤྲུལ་སྐུ་ལགས་ཞེས་བོས་བྱུང་། སྐེ་དཀྱོགས་ཏེ་ལྟ་དུས་ཨ་མདོའི་བུད་མེད་ངོ་ཤེས་ཤིག་ཡོད་པ་དེས་བུ་ཆུང་བ་དེ་ འདེད་འཁོར་ཞིག་གི་སྟེང་དུ་བཞག་སྟེ་ཚུར་ཡོང་གིན་འདུག མོས་ཁོ་ཚང་གི་རླངས་འཁོར་གཉིས་དོན་མེད་རྡུང་ཁ་བརྒྱབ་པ་དང་ཁང་པའི་ནང་གི་གློག་ སྐུད་ཅིག་ལ་ཡང་མེ་འབར་སོང་བས་མོ་ཞིག་རྒྱག་རོགས་ཟེར། སེམས་ཁྲལ་མ་བྱེད་ཟེར་བཞིན་པའི་སྐབས་སུ་ཁ་པར་གྱི་སིལ་སྒྲ་གྲགས་བྱུང་། དེ་ནི་གྲོགས་པོ་འཕྲིན་ལས་རེད། ཀུན་དོང་མོ་མོ་བཟོ་གི་ཡོད་པས་བཟའ་གི་ཡོང་རོགས་ཟེར་བས་ཁས་བླངས་ཏེ་ཁོ་ཚང་ལ་ ཕྱིན། ཁམས་པ་ཕོ་གསར་ངོ་ཤེས་ཐུབ་བསྟན་ཟེར་བ་ཞིག་དང་ཁོ་བཟའ་མི་གཉིས་བྱིས་པ་ཆུང་ཆུང་ དང་བཅས་པ་འདུག་ཅིང་། ཀུན་དོང་མོ་མོ་བརྒྱགས་ཚད་ཅིག་ཟོས་རྗེས་ཁོའི་བཟའ་ཟླ་ལས་ཀར་ཕྱིན་སོང་ལ། ངེད་གསུམ་གྱིས་ཁ་བརྡ་གློད་དེ་ཆུ་ཚོད་ལྔ་བ་བར་དུ་བསྡད། དེ་ནས་ཀུ་ཤུ་གློག་ཀླད་ཚོང་ཁང་ཞིག་ཏུ་ཕྱིན་ནས་གློག་ཀླད་འགའི་རིན་གོང་ལ་ལྟ་ ཙམ་ཞིག་བྱས། ཅུང་ཟད་སྤུས་ལེགས་ཤིག་ལ་ཨ་སྒོར་གཅིག་སྟོང་ཉིས་བརྒྱ་ཙམ་རེད་འདུག
གྲང་ངར་དང་མུན་པའི་ཁྲོད་ དུ་མཚེའུ་ལྗང་ཁུའི་འགྲམ་བརྒྱུད་དེ་ཡོང་དུས། མི་མང་པོ་ཞིག་གིས་རྒྱུགས་གཤར་གློད་བཞིན་ཡོད་ཅིང་། ལ་ལས་ཁྱི་རེ་ཁྲིད་དེ་ག་ལེར་འགྲོ་བཞིན་འདུག ནང་ལ་ལོག་དུས་ངའི་ཉིན་ཐོ་ཉེར་དགུ་བའི་མཆན་འདེབ་སར་དོ་རྒྱ་བསོད་ནམས་རྡོ་ རྗེས་བྲིས་པའི་དངོས་བྲིས་རྩོམ་ཡིག གཉོམ་དུང་དུང་གི་ཀ་མད་སུམ་ཅུ། བག་འཁུམ་འཁུམ་གྱི་བོད་ལྟ་བོད་ལུགས་ཞེས་པ་ཞིག་བཞག་འདུག་པ་བཀླགས་ནས་སྐྱོ་ གདུང་དྲག་པོ་ཞིག་རློན་ཆབ་ཆབ་ཀྱིས་མཁུར་མགོ་བརྒྱུད་དེ་བྲང་ངོས་སུ་འཐོར་སོང་། མི་རིགས་ཤིག་ཉམས་རྒུད་དུ་འགྲོ་དུས་ས་དེའི་རི་ཆུ་ནགས་གསུམ་གྱིས་ཀྱང་མྱ་ངན་ གྱི་སྐྱོ་གཉེར་བསྡུ་ཐུབ་ཅིང་། གཟི་འོད་འཚེར་བའི་རིག་གཞུང་ཞིག་ས་ལ་འཐིམ་དུས་ཡུལ་དེའི་དར་ལྕོག་དང་བསང་ཁྲི་ དག་གིས་ཀྱང་སྐྱོ་གདུང་གི་མིག་ཆུ་གཏོང་ངེས། ཁོ་བོ་ཡང་བོད་དུ་ཡོད་དུས་ས་འདིའི་ཆུ་ཁོལ་སྐད་གྲགས་ཅན་དེ་འཐུང་ཕྱིར་འདིར་ ཡོང་ནས་ཟླ་ཕྱེད་ཅིག་ལ་སྡོད་མྱོང་ཞིང་། བོད་པ་མང་པོར་བོད་མིང་ཡོད་པ་མ་གཏོགས་བོད་ཡིག་ཕར་ཞོགས་བོད་སྐད་ཤེས་མཁན་ཡང་ མེད་པ་དང་། མི་ཤི་དུས་མ་གཏོགས་མ་ཎི་མི་འདོན་པ་སོགས་མཐོང་སྟེ་ཞེ་རབ་ཏུ་སྐྱོ་ཞིང་སྙིང་ ཤིན་ཏུ་འཁྱག་མྱོང་།
dscn4873
ཐབ་ཚང་དུ་སོང་ནས་ཇ་ཚ་བོ་ ཞིག་ཧུབ་སྐོར་བྱས་ནས་འཐུང་བཞིན་པའི་དུས། ཨ་རི་བ་ཨ་ནེ་ཡིན་ཟེར་མཁན་བུད་མེད་ཅིག་ཡོད་པ་དེ་བསླེབས་ནས་དྲི་བ་འདྲ་མིན་ ཞིག་དྲིས་སོང་བར་ལན་ལྡོག་ཕྱོགས་རྐྱང་རྐྱང་བཏབ་པས་མཚམས་ཤིག་ནས་ཐང་འདྲ་ཆད་དེ་ ཁུ་སིམ་མེར་གྱུར་སོང་། དྲི་བ་གཅིག་ནི་གྲྭ་པ་ཡིན་ན་ཤམ་ཐབས་གྱོན་དགོས་མིན་དང་ཤམ་ཐབས་གྱོན་ན་གྲྭ་པ་ ཡིན་མིན་དེ་རེད། མོས་དབྱིན་སྐད་བཤད་སྟངས་ནི་ཁ་གསལ་ཞིང་གོ་བདེ་བ་ཞིག་ཡིན་པས་མོ་ལ་ཁ་བརྡ་རེ་ བྱེད་ན་འདོད་ཀྱང་དགོས་མི་དགོས་ཚང་མ་དྲིས་ཡོང་གི་ཡོད་པས་ད་ནི་མོ་ལ་ཕེབ་ སྐྱེལ་ཞུ་བར་ཡང་ཐག་མི་རིང་། མོས་འཕགས་མཆོག་སྤྲུལ་སྐུའི་གཟིམ་ཤག་ནི་ཨ་སྒོར་ས་ཡའི་རིན་ཐང་ཅན་ཞིག་འདུག་ ཟེར།
དེ་ནས་ནང་དུ་ལོག་སྟེ་ཉིན་ ཐོའི་འཕྲོས་བྲིས། བུ་མོ་བསྟན་འཛིན་ཟླ་སྒྲོན་གྱིས་གནམ་ཀླད་ནང་བཀྲ་ཤིས་བདེ་ལེགས་ཟེར་བས་མོ་ལ་ བོད་ཡིག་གིི་སྒྲ་སྦྱོར་ཡི་གེ་ཏོག་ཙམ་བསླབས་ཤིང་། ཁ་པར་བརྒྱུད་ནས་ནང་སྦྱོང་དག་ལ་ཡིག་ཚད་ཅིག་བཏང་། བརྙན་འཕྲིན་ལས་མི་དཀར་ཚོས་ཨ་རིའི་ན་བ་ཧོ་ཞིང་ཆེན་གྱི་གདོད་མིའི་མི་རིགས་ ཚོའི་ས་ཆ་ནས་གློག་དང་ཆུ་ཐོན་སྐྱེད་བྱས་ཏེ་ས་གནས་གཞན་དུ་དྲངས་ཡོད་ཀྱང་ས་གནས་ དེ་རང་གི་མི་ཚོར་གློག་གི་འོད་སྣང་མེད་ཅིང་ཆུ་མེད་ཐན་པ་བྱུང་སྟེ་ལོ་ངོ་བདུན་ ཅུ་ལྷག་གནས་ཡོད་པའི་སྐོར་ཞིག་བསྟན་སོང་།

0 བསམ་ཚུལ་འདོན་པ།:

Post a Comment