ཚོལ་གཤེར

དྲ་ངོས་བཀླགས་གྲངས།

བཀླགས་གྲངས་མང་ཤོས


དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།

རྟག་བརྟན་གྱི་སྙན་ཚིག

—མཛའ་བོའི་དུས་ཆེན་ལ་ཕུལ་བའི་ཤིས་ཚིག
སྟག་ཤར་གཞོན་པའི་བྲང་གི་ཤ་རྒོད་དང་། །
སྨན་ཆུང་བུ་མོའི་བྲང་གི་མྱོས་བུམ་གཉིས། །
འཇིག་རྟེན་སྣང་བས་གཅིག་ཏུ་འདྲེས་པ་ཡི། །
མཛའ་བོའི་དུས་ཆེན་བསྐལ་པའི་མཐར་ཡང་དྲན། །
གསེར་གྱི་རྣ་རྒྱན་ཐག་པ་མི་འཆད་ཅིང་། །
དངུལ་དཀར་མཛུབ་དཀྲིས་ས་རུ་མི་ལྷུང་བར། །
འདོད་ལྡན་ཕོ་མོའི་འདོམ་གྱི་སྦྲང་རྩི་ཡི། །
རོ་མངར་སྐྱེ་བོ་ཀུན་གྱིས་མྱོང་བར་ཤོག །
གློག་སྒྲོན་དམར་པོའི་འོད་སྣང་ཟ་ཟིའི་ངོགས། །
དཀར་འཇམ་མལ་གྱི་སྟེགས་བུ་འབོལ་ཞིང་བདེ། །
དེ་སྟེང་ངོ་ཚའི་གོས་ནས་ཡོངས་བྲལ་ནས། །
འདོད་པའི་དགའ་སྟོན་མྱོང་བའི་སྨོན་འདུན་ཞུ། །
ཕན་ཚུན་འདོད་པའི་མིག་གིས་ཡོན་པོར་ལྟ། །
ཕན་ཚུན་ཆགས་པའི་དབུགས་ཐག་ཐུང་ངུར་ལེན། །
ཕན་ཚུན་དྲག་ཏུ་བསྣུན་ཅིང་གཏོད་པ་ཡི། །
ངོ་མཚར་འདོད་པའི་གར་གྱིས་འཚོ་བར་ཤོག །

མི་རྣམས་དྲག་པོའི་མཚོན་ཆ་སྣ་ཚོགས་པ། །
མཛའ་གྲོགས་འབུལ་བའི་མེ་ཏོག་ཉིད་གྱུར་ཅིང་། །
ཚིག་རྩུབ་མཚོན་ཆ་སྙིང་ལ་འཛེར་བའི་ཚོགས། །
འདོད་པས་མྱོས་པའི་གླུ་རུ་འགྱུར་བར་ཤོག །
མི་རྣམས་ཞེ་སྡང་སྦྲུལ་གྱི་དུག་ལྕེ་དག །
བརྩེ་བའི་རལ་གྲི་རྣོན་པོས་འབྲེག་པ་དང་། །
ཕན་ཚུན་སྙིང་གི་མཛའ་བོ་མཛའ་མོ་བཞིན། །
འཁྱུད་ཅིང་འོ་ཡི་སྦྱོར་བས་འཚོ་བར་ཤོག །
Powered by Blogger.

About Me

My photo
མི་ཚེ་འཁྱོལ་ཙམ། ཡིག་ངོ་ཆོད་ཙམ། རྡོག་ལམ་མཐོང་ཙམ། ཤི་མ་གསོན་ཙམ།
Thursday, 28 June 2012
ཀླུ་སྨྱོན་ཧེ་རུ་ཀགྲྭ་ས་ཁག་ཅིག་ནས་ཀུ་ཤུ་གློག་ཀླད་འགོག་པའི་ཚ་རླབས་འཕྱུར་བ་ཐོས་རྗེས།
སྔོན་བྱོན་མཁས་གྲུབ་དུ་མས་བཀའ་བསྒོས་ཏེ། །
བསྟན་པ་གཉེར་དུ་གཏད་པའི་ཆོས་སྐྱོང་ཚོགས། །
བསྟན་པའི་དགྲ་བོ་ཀུ་ཤུ་གློག་ཀླད་འདི། །
རྩ་མེད་གཙང་དག་བཟོ་བའི་འཕྲིན་ལས་མཛོད། །
ན་གཞོན་གྲྭ་རྒོད་དུ་མའི་ཀླད་པའི་ནང་། །

Monday, 18 June 2012


གླུ་འདི་དང་པོ་གང་ནས་འོངས།
གླུ་འདི་དང་པོ་གནམ་ནས་འོངས།
གནམ་གྱི་དགུ་ཚིགས་ངོས་ནས་འོངས།
སྤྲིན་གྱི་ཕྲ་ཚོམ་བརྒྱུད་ནས་འོངས།
འཇའ་ཚོན་སྐས་ཐེམ་ཉུལ་ནས་འོངས།
ཆར་བའི་རྒྱུན་དང་འདྲེས་ནས་འོངས།
གློག་དམར་འོད་དང་བསྡེབས་ནས་འོངས།
འབྲུག་སྒྲའི་ཟིལ་ནས་འགྲོགས་ནས་འོངས།
བར་སྣང་སྟོང་བར་འཁྱུད་ནས་འོངས།
ཉི་ཟླའི་སྣང་བར་འཇུས་ནས་འོངས།
རླུང་གི་དཀྱིལ་འཁོར་བརྒལ་ནས་འོངས།
རི་རབ་རྩེ་རུ་ལྷུང་བཞིན་འོངས།
Thursday, 14 June 2012

ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། །

སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། །
གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། །
བ་གླང་ཁྱུ་ཞིག་ཞིང་རྩྭར་རོལ་བའི་དུས། །
བུད་མེད་སྣ་རྒྱན་ཉི་འོད་འཕྲོ་བའི་དུས། །
བྱིས་པ་དམར་ཧྲེང་སྣུམ་ནག་འབྱུག་པའི་དུས། །
སྲང་བར་གློག་བརྙན་གླུ་གཞས་ཐོས་པའི་དུས། །
ལྷ་ཁང་བྱ་འདབས་ཕུག་རོན་བབས་པའི་དུས། །
སྒེག་མོའི་སེང་རས་ཁྲུས་ཆུས་གཤེར་བའི་དུས། །
དབང་ཕྱུག་ལིངྒ་འོ་མས་བཀྲུ་བའི་དུས། །
Monday, 4 June 2012
 ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན། །
ཉི་འོད་དེ་རིང་བཞིན་དུ་འཆར། །

སྤྲིན་པའང་དེ་རིང་ལྟ་བུར་ལྡིང་། །

བྱ་བྱེའུ་དེ་རིང་ཅི་བཞིན་འཕུར། །

རླུང་བུ་དེ་རིང་འདྲ་བར་ལྡང་། །

ལོ་དྲུག་དཀའ་བ་སྤྱད་པ་ཡི། །

དྲང་སྲོང་སྐུ་ཤ་སྐེམ་ན་ཡང་།

གཟི་བརྗིད་འབར་བ་གང་ཞིག་གིས། །

བྱང་ཆུབ་ཤིང་ལ་སྐུ་རྒྱབ་བསྟན། །


Friday, 1 June 2012

ཁེ་ན་སྒྲ་ནས་བོད་ཀྱི་འབྲོག་ཁྱི་ཞིག་མཐོང་རྗེས།
ཚུར་ལ་ཉོན་དང་འབྲོག་པ་ཀླུའུ་རྒན་ཚོ།
ཁྱོད་ཚོར་སྒོར་མོ་དགོས་པ་ང་ཡིས་ཤེས།
ཁྱོད་ཚོར་སྒོར་སྨྱོ་བྱུང་བ་ང་ཡིས་རྟོགས།
ཁྱོད་ཚོས་རང་གཤིས་བརླགས་པ་ཁོ་བོར་གསལ།
ཁྱོད་ཚོའི་ཧམ་སེམས་འབར་བ་བདག་གིས་མཐོང་།
ང་ནི་ཁྱོད་ཚོའི་ཕ་མེས་ཡང་མེས་ནས།
མེད་ཐབས་མེད་པའི་སྒོ་ཟོག་ཉག་གཅིག་སྟེ།
ཉིན་མོར་འགྲུལ་བ་ཆ་མེད་ངས་བཀག་ཡོད་།
མཚན་གྱི་རྐུན་མ་སེམས་མེད་ངས་བདའ་ཡོད།
བར་གྱི་གཅན་གཟན་གྲངས་མེད་ངས་དཀྲོགས་ཡོད།
Wednesday, 30 May 2012


དགུ་བཅུ་གོ་གྲངས་དུས་རབས་དེར།
ལྟོས་ས་ལྟོས་འཇོག་གིས་བརྗོད་ན།
གྲྭ་པའི་དུས་རབས་འབོད་ཆོག་ཆོག
རི་གྲོང་གང་སར་གྲྭ་པས་ཁེངས།
གང་ལ་སོང་ཡང་གྲྭ་པར་ཐུག
Tuesday, 22 May 2012

ཨེ་མ་ཧོ།
ཡང་ཅིག་གསོན་དང་བོད་ཀྱི་རྩོམ་པ་པོ། །
ཁྱད་པར་ཉོན་དང་བཙན་བྱོལ་རྩོམ་པ་པོ། །
དང་པོར་སྨྱུ་གུ་བཟུང་ནས་ཅི་ཞིག་བྲིས། །
བར་དུ་རྩོམ་དེབ་དཔར་ནས་ཅི་ཞིག་ཐོབ། །
མཐའ་མར་གོ་མེད་ཚོར་མེད་ཉལ་སར་ལྷུང་། །
ཁྱོད་ཚོར་ཅི་ཁག་ལོ་ན་རྒས་ལེ་རེད། །
རྒས་པས་མི་ཐུབ་ཀླུ་སྨྱོན་གཅིག་པོ་རེད། །
ད་ནི་ཉལ་སར་ལྷུང་བའི་རྩོམ་གྲོགས་ཚོའི། །
ཉལ་ས་བསྟན་པའི་ལེའུ་འདི་ནས་འབྲི། །


Monday, 21 May 2012


 

—སྐུ་ཞབས་སེང་རྡོར་གྱིས་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དང་དེ་མིན་སློབ་གྲྭ་ཞིག་ཏུ་གཏམ་བཤད་བྱས་པ་ཞིག་ལ་ཉན་རྗེས།
ངས་ སྐུ་ཞབས་སེང་རྡོར་གྱི་དེབ་ཉག་གའི་ལྗང་སེར་གློ་དམར་ཞེས་པ་དེ་བཀླགས་མ་མྱོང་ མོད། དེབ་དེའི་སྐོར་མི་གཞན་གྱིས་ཐེངས་མང་གླེང་བརྗོད་སྤེལ་བ་དང་། རྩོམ་པ་པོ་ཁོང་གིས་ཉེ་ཆར་ཐེངས་གཉིས་ལ་རླུང་འཕྲིན་ཁང་དང་སློབ་ཆེན་ཞིག་ཏུ་ དེའི་སྐོར་གཏམ་བཤད་སྤེལ་སོང་ལ། གཏམ་བཤད་དེ་གཉིས་ཀའི་སྐབས་སུ་ཁོ་བོའི་སེམས་ནང་གྲ་སྒྲིག་ཅིག་བྱས་ཏེ་བསྡད་པ་ ནི་སེང་རྡོར་གྱི་རྩོམ་སྤྱི་ཁྱབ་ནས་མ་ཡིན་པར་ཁོང་གི་དེབ་དེའི་མིང་བྱང་ཉག་ གའི་ལྗང་སེར་གློ་དམར་ཞེས་པའི་ཐ་སྙད་དེའི་བསྟན་དོན་ཡིན། སེང་རྡོར་ལགས་ཀྱིས་ཐེངས་རེ་རེ་བཞིན་ཉག་གའི་ལྗང་སེར་གློ་དམར་ཞེས་པའི་ཐ་སྙད་ དེའི་གོ་དོན་འགྲེལ་དུས་ཉག་ག་དེ་ནས་ཕར་འགྲོ་ཚུར་ཡོང་གི་མི་དེ་ཚོའི་སྐེ་རགས་ སོགས་ཀྱི་ཁ་དོག་ལ་འགྲེལ་བརྗོད་བྱས་སོང་ལ། འགྲེལ་བརྗོད་དེ་དག་རེ་རེ་བཞིན་ཉག་གའི་ལྗང་སེར་གློ་དམར་ཞེས་པའི་ཐ་སྙད་དེ་དང་ འཚམ་པོ་བྱུང་། ཡིན་ཡང་ཁོ་བོའི་སེམས་ནང་ད་དུང་ཁོང་གིས་ཉག་ གའི་ལྗང་སེར་གློ་དམར་ལ་དེ་ལས་ཀྱང་ཡིད་དབང་འཕྲོག་པའི་འགྲེལ་བཤད་ཅིག་ཅི་ལ་མི་ རྒྱག་པ་ཡིན་ནམ་སྙམ་པའི་ཀུན་སློང་ངམ་འཆར་སྣང་ཞིག་ངང་གིས་སྐྱེས་སོང་།

Wednesday, 16 May 2012


(བྱིས་སྒྲུང་གསར་རྩོམ།)

བྱིས་པ་ཆུང་ཆུང་ཚོ། དེ་རིང་ངས་ཁྱོད་ཚོར་སྒྲུང་གསར་པ་ཞིག་བཤད་ཀི་ཡིན་ལ། སྒྲུང་འདིའི་མིང་ལ་ཤིང་གི་མི་ལྷ་སར་གནས་སྐོར་དུ་ཕྱིན་པ་ཟེར་གི་ཡོད།
སྔོན་མ་སྔོན་མ་ཞིག་ལ་ས་ཆ་ཞིག་ཏུ་གྲོང་གསེབ་ཅིག་ཡོད་པ་རེད། གྲོང་གསེབ་དེའི་མི་ཚོས་མི་ཚེའི་གཅིག་གི་རིང་ལྷ་སར་གནས་སྐོར་དུ་ཐེངས་གཅིག་འགྲོ་ཐུབ་ན་དེ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པས། ཚེ་འདི་དང་སྐྱེ་བ་རྗེས་མ་གཉིས་ཀར་ཕན་ཐོགས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀི་ཡོད་པ་རེད། གྲོང་གསེབ་དེའི་ནང་དུ་བཟའ་ཚང་གཉིས་དང་བྱིས་པ་ཞིག ད་དུང་ཤིང་གི་མི་ཞིག་བཅས་ཁྱོན་བསྡོམས་ནང་མི་བཞི་ཡོད་པ་རེད།

Saturday, 5 May 2012

---གྲོགས་པོ་མི་རྐྱང་ཞིག་གི་ཚབ་བྱས་ཏེ་བྲིས།
ཚེ་འདིར་ཡོང་བའི་དོན་ཆེན་ཏེ། །
ཚེ་གཅིག་སྐྱ་ཡ་འཚོལ་བའི་ཕྱིར། །
ཚེ་གང་བཀླགས་ཀྱང་མི་སུན་པའི། །
ཚེ་གྲོགས་འགུག་པའི་བརྡ་ཁྱབ་འབྲི། །
སྐྱེས་ས་བོད་ནས་ཡིན་པ་ཞིག །
ཕ་ཡུལ་གཅིག་པ་ཡིན་པ་ཞིག །
ཨམ་སྐད་དག་མ་བཤད་པ་ཞིག །
མེ་ཏོག་མ་ཞིག་ཡིན་པ་ཞིག །
དུང་སོ་སུམ་ཅུ་དཀར་བ་ཞིག །
དབུ་སྐྲ་རྒྱ་ལྕང་ནག་པ་ཞིག །
ཞལ་རས་དུང་ཟླ་ཚེས་འདྲ་ཞིག །
མཁུར་མགོ་ཅུང་ཟད་དམར་པ་ཞིག །
མིག་ལ་ཆག་ག་ཡོད་པ་ཞིག །
སྨིན་མ་ཕྲ་ཞིང་རིང་བ་ཞིག །
སྣ་བུག་ཧ་ཅང་ཆུང་བ་ཞིག །
མཆུ་འདབ་དམར་ཞིང་སྣུམ་པ་ཞིག །
མགྲིན་པ་རི་མོ་གསུམ་ལྡན་ཞིག །
ནུ་མ་དུང་དཀར་ཆ་འགྲིག་ཅིག །
སྐེད་པ་ཕྲ་ཞིང་ལྡེམ་པ་ཞིག །
བརླ་ཤ་མཁྲངས་ཤིང་ཟླུམ་པ་ཞིག །
Friday, 4 May 2012



གནའ་སྔ་མོའི་དུས་ནས་བདེན་ དོན་དང་གཞན་གྱི་ཚེ་སྲོག་སྐྱོབ་ཆེད་རང་སྲོག་བློས་གཏོང་མཁན་གྱི་སྐྱེས་བུ་ རླབས་ཆེན་དུ་མ་ཞིག་བྱུང་ཡོད་ཅིང་། དེ་དག་གི་ཁྲོད་དུ་ཆུ་དང་མེ་ནང་དུ་མཆོང་མཁན་དང་། གྲི་མདུང་དང་མེ་མདའི་ཁ་རུ་མཆོང་མཁན་སོགས་སྣ་ཚོགས་ཤིག་ཡོད་པ་ལོ་རྒྱུས་ཀྱིས་ ང་ཚོར་གསལ་བོ་ཞིག་བསྟན་ཡོད། དཔེར་ན་མདོ་མཛངས་བླུན་ཞེས་པའི་དཔེ་ཆ་དེའི་ནང་དུ་ཆེས་གནའ་སྔ་མོའི་ནང་པའི་ དགེ་ཚུལ་ཞིག་གིས་བུ་མོ་མཛེས་མ་ཞིག་དང་མཉམ་དུ་འདོད་པའི་བདེ་བར་རོལ་ནས་རང་གི་ ཚུལ་ཁྲིམས་ཉམས་པར་བྱེད་མ་འདོད་པར་གྲི་ཆུང་ཞིག་གིས་རང་གི་མགྲིན་པའི་འཕར་རྩ་ བཅད་པ་ལྟ་བུ་དང་།
ཉེ་ རབས་རིག་གནས་གསར་བརྗེའི་སྐབས་སུ་ཨ་མདོའི་དགའ་ལྡན་གསེར་ཁྲིའི་ཡང་སྤྲུལ་ཞིག་ གིས་ཀྱང་ཆོས་དང་བླ་མར་སྐུར་བ་འདེབ་མ་འདོད་པར་རང་གི་མགྲིན་པ་བཅད་དེ་སྐུ་ སྲོག་དོར་བ་སོགས་བདེན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་དགེ་འདུན་ པ་ཚོའི་སྣང་བརྙན་གསོན་པོ་རེ་རེ་བཞིན་ད་དུང་མི་རྣམས་ཀྱི་ཡིད་ངོ་རུ་ཡལ་བ་ མེད་པར་གནས་ཡོད།
Sunday, 29 April 2012

དེང་སྐབས་ང་ལ་ལོ་ངོ་བཅུ་ བདུན་རིང་ལྷགས་པའི་དྲི་བ་གཅིག་གིས་གཙེས་བཞིན་འདུག དེ་ནི་ལོ་ངོ་བཅུ་བདུན་སྔོན་སྐུ་གྲོངས་པའི་ངའི་སློབ་དཔོན་ཞིག་དུས་རྒྱུན་ངའི་ རྨི་ལམ་ནང་ཕེབས་འོངས་པ་དེ་རེད། ཁོང་སྐུ་ན་གཞོན་དུས་རབ་ཏུ་བྱུང་སྟེ་ནང་ཆོས་སློབ་གཉེར་གནང་། རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སློབ་གཉེར་ཕར་ཕྱིན་མ་རྫོགས་བར་དུ་ གནང་། རིག་གསར་སྐབས་ང་ཚོའི་གྲོང་པའི་ནང་དུ་བཞུགས། ངའི་ཕ་རྒན་གྱིས་བརྗོད་པ་བཞིན་ཁོང་སྐུ་ཚེ་གང་བོར་ཞལ་རས་འཛུམ་གྱིས་ཁེངས་པ་ ཞིག་ལས་ནམ་ཡང་མི་ལ་ངོ་ནག་པོ་དེ་འདྲ་སྟོན་སྲོལ་མེད། གལ་སྲིད་ཁོང་གིས་དེ་རིང་མི་གསར་བ་གཅིག་ལ་ཐུག་པ་ཡིན་ན་ལོ་བཅུའི་རྗེས་སུ་ཡང་ མི་དེའི་མིང་དང་སྐད་ཆ་ཅི་བཤད་སོགས་དྲན་ཐུབ་པ་ཞིག་ཀྱང་འདུག
Friday, 27 April 2012


གཅིག
ཉེ་ཆར་དོན་དག་ཅིག་གི་ཆེད་དུ་ང་རང་ཡོ་རོབ་ཀྱི་རྒྱལ་ཁབ་ཆུང་ཆུང་ཞིག་ཏུ་སོང་བ་ཡིན། དེ་གར་གནའ་བོའི་སྡོད་ཁང་སྤུས་ལེགས་དང་ཀྱག་ཀྱོག་ཅན་གྱི་རྒྱ་ལམ། གཟན་ལ་བཀྲམས་པའི་ལུག་ཁྱུ་དང་རི་མགོར་ལྷུང་བའི་སྤྲིན་དཀར་སོགས་ཀྱིས་ཁོ་བོར་མ་བཅོས་རང་བྱུང་གི་ལྷུན་ཆགས་མཛེས་སྡུག་ངོ་མ་དེ་འདི་རེད་ཨང་སྙམ་པའི་བསམ་བློ་ཞིག་དབང་མེད་དུ་འཁོར་བར་བྱས་སོང་། ཉི་མ་འགའི་རིང་ལ་ང་དང་གྲོགས་པོ་འགས་རེས་མོས་ཀྱི་དངུལ་ཁུག་ཕྱིར་བཏོན་ནས་སྤྲོ་གསེང་གི་ས་ཆ་གྲགས་ཅན་འདི་དང་དེ་ལ་ངས་མགྲོན་སྦྱིན་བྱེད་ཀྱི་ཡིན་ཞེས་རང་རང་གི་རྒྱུ་ཤེད་ངོམ་པའི་ལྟད་མོ་ཆུང་ཆུང་ཞིག་ཀྱང་འཁྲབ་སྟོན་བྱས་པ་ཡིན་ལ། དེའི་ནང་དུ་ངའི་གྲོགས་པོ་ར་སེལ་ལ་རྒྱལ་ཁ་མང་ཤོས་དེ་ཐོབ་སོང་། རྒྱུ་མཚན་ནི་ཁོང་གི་དངུལ་ཁུག་དེ་ང་ཚོའི་དངུལ་ཁུག་ལས་ཆེ་ཞིང་ལྕི་བས་སོ།།
Tuesday, 24 April 2012


འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཨོ་སྦ་མ་ཞེས་བྱ་བ་ཞིག་ཨ་རི་ཡུལ་རྒྱལ་སའི་དཀྱིལ་ཕོ་བྲང་དཀར་པོའི་མདུན་ཐང་དེར་འགྲོ་བ་མིའི་ཐོབ་ཐང་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་འཁོར་འདུས་པ་དེའི་ནང་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཀླུ་སྨྱོན་ཞེས་བྱ་བ་ཞིག་ཀྱང་དེར་འདུས་པར་གྱུར་ཏོ།།
Thursday, 5 April 2012


མ་གཞི་ལོ་ཤས་སྔོན་ཏེ་ སྤྱི་ལོ་༡༩༥༧ལོ་ནས་བཟུང་གཙོ་འཛིན་མའོ་ཡིས་ས་གནས་མི་རིགས་རིང་ལུགས་དང་རྒྱ་ རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཞེས་སྐུལ་སློང་བྱས་ཡོད་ཀྱང་། རྒྱལ་ཁབ་བཙུགས་ནས་ལོ་ངོ་དེ་ཙམ་འགོར་མེད་ཅིང་། ཁྱད་པར་དུ་མི་རྣམས་རྒྱལ་ནང་གི་དམག་འཁྲུག་དང་ཡུལ་གྱི་གཤེད་མར་ངོ་རྒོལ་བྱེད་ པ་སོགས་ཀྱིས་ཐང་དགུ་ཆད་ནས་ཡོད་པའི་རྐྱེན་གྱིས་མའོ་ཡི་བཀའ་སློབ་ལག་བསྟར་ བྱེད་རྒྱུའི་སེམས་ཤུགས་ཡོད་ཀྱང་ནུས་པས་མ་ལྕོགས་པ་ལྟ་བུར་འདི་ལོ་བར་དུ་མི་ རིགས་རིང་ལུགས་དང་གྲལ་རིམ་འཐབ་རྩོད་སྐོར་དེ་ཙམ་ཡོངས་ཁྱབ་ཏུ་ཚ་ཚ་འུར་འུར་ངང་ ཚོགས་འདུ་བསྐོངས་པ་དེ་འདྲ་ངས་དྲན་གྱི་མི་འདུག་ཀྱང་། ཁ་ སང་དེ་རིང་གི་རྟགས་མཚན་དངངས་སྐྲག་སློང་བ་འདི་ཚོར་བལྟས་ཚེ་ད་ཆ་གཞི་ནས་གདོན་ འདྲེ་ཁུག་ཀྱོག་ནས་མཆོང་བ་ཇི་བཞིན་བཀྲ་མི་ཤིས་པའི་སྲིད་འགྱུར་ཆེན་པོ་ཞིག་མི་ གྲངས་དུང་ཕྱུར་མང་པོ་ཡོད་པའི་རྒྱལ་ཁབ་འདིའི་མི་དམངས་ཀྱི་མགོར་བསླེབ་རྒྱུ་ ཡིན་པ་གདོན་མི་ཟ།
Tuesday, 3 April 2012


ལྷ་གསོལ་ཀླུ་གསོལ་ཞེས་པ་འདི་འདོར་རྐྱང་བྱེད་རྒྱུ་ཞིག་གང་ནས་ཡིན། བསྟན་པའི་སྙིང་པོ་གསང་སྔགས་ཀྱི་བདེ་གསང་འཇིགས་གསུམ་ཀྱེ་རྡོར་དུས་འཁོར་ཕུར་བ་སོགས་རྒྱུད་སྡེ་བཞིའི་ལྷ་ཡི་ཆོ་ག་གང་ཞིག་ཡིན་ཡང་དེའི་ནང་དུ་ལྷ་དང་ལྷ་མོའི་ཚོགས་ལ་མཆོད་བསྟོད་བྱེད་པའི་ཆོས་ཚན་རེ་མེད་མི་སྲིད་ཅིང་། ཕར་ཕྱིན་དྲུག་གི་ཡ་གྱལ་སྦྱིན་པའི་ཕར་ཕྱིན་ལ་མཚོན་ན་མིའི་འགྲོ་བ་གཅིག་པོར་ཟང་ཟིང་གི་སྦྱིན་པ་གཏོང་རྒྱུ་ཙམ་ཞིག་མ་ཡིན་པར་འགྲོ་བ་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བཞིན་པའི་གཞི་བདག་གནས་བདག་འདྲེ་སྲིན་འབྱུང་བོ་སྡེ་བརྒྱད་ཀྱི་ཚོགས་ལ་དཀར་གསུམ་མངར་གསུམ་སོགས་ཀྱིས་སྦྱིན་མཆོད་བྱེད་དགོས་ཤིང་། དེ་དག་ལྟ་བ་སྟོང་ཉིད་སྙིང་རྗེའི་རྩིས་ཟིན་ན་ཚོགས་གཉིས་རྫོགས་པའི་ལམ་ཁ་ཁྱད་དུ་འཕགས་པ་ཞིག་ཡིན་པ་རྒྱ་གར་གྱི་སངས་རྒྱས་རང་ཉིད་དང་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས། བོད་དུ་མར་མི་དྭགས་གསུམ་དང་ས་སྐྱ་གོང་མ་རྣམ་ལྔ། སོ་ཟུར་གནུབས་གསུམ་དང་རྗེ་ཙོང་ཁ་པ་ཡབ་སྲས་སོགས་ཆོས་བརྒྱུད་སོ་སོའི་ཤིང་རྟའི་སྲོལ་འབྱེད་ཀྱི་སློབ་དཔོན་ཆེན་པོ་དག་གིས་གསུངས་ཡོད་ཅིང་། གོང་ས་མཆོག་གིས་ཀྱང་བོད་སྐྱོང་ལྷ་སྲུང་གི་འཕྲིན་བཅོལ་ཁྱད་དུ་འཕགས་པ། ཀྱེ། མ་རྨད་བསོད་ནམས་མཐུ་དང་སྨོན་ལམ་གྱིས། །ཞེས་སོགས་བརྩམས་གནང་མཛད་ཡོད་ཅིང་། ཁོང་གིས་ཆོས་སྲུང་གི་འཕྲིན་བཅོལ་དེ་ཚོ་འབྲི་དུས་བོད་ཀྱི་ལྷ་འདྲེ་གཞི་བདག་དེ་ཚོས་ཀྱང་བོད་མི་རིགས་ནང་བཞིན་སྡུག་བསྔལ་མྱོང་བཞིན་པའི་ཚུལ་ལ་དགོངས་ནས་སྤྱན་ཆབ་བཏོན་པ་སོགས་གསོལ་མཆོད་རེ་ཟུང་གི་མཇུག་བྱང་དུ་འཁོད་ཡོད་པས། གལ་སྲིད་གཏོར་མ་ཆ་གསུམ་དེ་རྒྱལ་བའི་བཀའ་ཡིན་པར་ཁས་ལེན་ན་ལྷ་འདྲེ་གསོལ་མཆོད་སངས་རྒྱས་ཀྱིས་བསྟན་པའི་ལམ་མིན་ཞེས་སྙིང་ཁམས་ཆེན་པོས་ཆོས་སྤོང་གི་ལས་ངན་གསོག་པར་མི་བྱེད་པར། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཕྲ་མོ་རེ་རེ་བཞིན་རིག་གནས་ཆེན་པོ་འདི་འགྲུབ་བྱེད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་རེ་རེ་ཡིན་པའི་ངེས་ཤེས་རྙེད་པར་བྱེད་འཚལ་ལོ། །



འཛིན་གྲྭ་ཚུགས་ནས་སྐར་མ་ལྔའི་རྗེས་སུ་དགེ་རྒན་སུང་འཛིན་ཁང་དུ་བསླེབས་ཤིང་། མོའི་གདོང་ལ་ནམ་རྒྱུན་དང་མི་འདྲ་བའི་དོགས་པ་དང་འཇིགས་སྐྲག་གི་མདངས་ཤིག་ཤར་འདུག མོས་རྩོམ་རིག་སློབ་ཁྲིད་བྱེད་དུས་སྐད་གདངས་འདར་བ་དང་ནག་པང་སྟེང་ཡི་གེ་འབྲི་དུས་ལག་པ་འདར་བའི་ཚུགས་ཀ་དེ་མཐོང་ནས་སློབ་གྲོགས་རེ་ཟུང་གིས་ལྐོག་ཏུ་གད་མོ་དགོད་པ་དང་སྐད་ཤུགས་ཆུང་ངུས་ཅི་ཞིག་རྗོད་བཞིན་ཡོད་པ་ཐོས་ཐུབ་ཀྱང་། དགེ་རྒན་སུང་ལ་མཚོན་ན་ནམ་རྒྱུན་དང་མི་འདྲ་བར་དེ་ཚོ་སྣང་མེད་དུ་བཞག་སྟེ་མུ་མཐུད་སློབ་ཁྲིད་བྱེད་བཞིན་འདུག དོ་སྣང་མི་བྱེད་ཐབས་མེད་གཅིག་ནི་ང་དང་ཅོག་ཙེ་གཅིག་གི་སྟེང་དུ་ལོ་གཅིག་ཙམ་བསྡད་པའི་རྒྱ་རིགས་སློབ་གྲོགས་ཝང་ཟེར་བའི་ཕོ་གསར་འདིས་དེ་རིང་ང་ལ་ཚུར་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པ་དང་། ཕར་སྐད་ཆ་རེ་བཤད་ཀྱང་ནམ་རྒྱུན་དང་ཡེ་ནས་མི་འདྲ་བར་གདོང་ལ་སུན་སྣང་དང་མཐོང་ཆུང་གི་རྣམ་འགྱུར་ཞིག་རེས་མངོན་རེས་ཡིབ་ཀྱི་ཚུལ་དུ་སྣང་ཞིང་།
དཀར་ནག་གོ་ལྡོག་དང་འཆི་ལམ་དུ་འདེད་པ་ཞེས་པའི་དེབ་གཉིས་པོ་དེ་ཚུར་སྤྲད་དེ། ཁྱེད་ཀྱི་དེབ་གཉིས་འདིར་ཡོད། ཅེས་པ་ཙམ་ལས་གཞན་པའི་འགྲེལ་བཤད་ཚིག་གཅིག་ཀྱང་མི་རྒྱག་པ་དེ་རེད། ང་ཚོའི་འཛིན་གྲྭ་འདིའི་ནང་བོད་རིགས་སློབ་ཕྲུག་ང་དང་ཨ་མདོ་ནས་ཡོང་བའི་ཟླ་བ་གཉིས་ལས་མེད་ཅིང་། དེ་རིང་ཟླ་བ་ཡང་ནམ་རྒྱུན་གྱི་མི་རྩེད་དགོད་ཅན་དེ་མ་ཡིན་པར་གདོང་པ་གློད་ཅིང་མིག་གིས་དེབ་ངོས་སུ་མ་གཏོགས་གཡས་གཡོན་དུ་ལྟ་ཙམ་ཡང་མི་བྱེད་པར་འཛིན་གྲྭ་མ་གྲོལ་བར་དུ་ཕ་མ་ཤི་བར་མྱ་ངན་བྱེད་པ་དང་འདྲ་བའི་རྣམ་འགྱུར་ཞིག་བཟུང་ནས་བསྡད་སོང་།
འཛིན་གྲྭ་གྲོལ་རྗེས་སློབ་གྲྭའི་གཡས་ཕྱོགས་སུ་ཡོད་པའི་རྩེད་ཐང་ཆེན་པོ་དེ་བརྒྱུད་ནས་འགྲོ་སྐབས། ནམ་རྒྱུན་ཡིན་ན་སློབ་གྲོགས་ཚོས་དེ་གར་ལུས་རྩེད་རྩེད་པ་དང་གད་མོ་དགོད་བཞིན་སྐད་ཆ་བཤད་པ་སོགས་སེམས་པ་་སྤྲོ་བའི་སྣང་ཚུལ་མང་པོ་ཞིག་མཐོང་རྒྱུ་ཡོད་ཀྱང་། དེ་རིང་དམག་འཁྲུག་གི་སྔོན་བརྡ་སྤྲད་པའི་གྲོང་གསེབ་ཅིག་གི་མི་དམངས་དང་འདྲ་བར་སློབ་ཕྲུག་ཚང་མ་ཁ་ཁུ་སིམ་པོའི་ངང་རང་རང་ས་རུ་དེབ་ཀློག་པ་པའམ་མི་གཉིས་གསུམ་རེ་མཉམ་དུ་འཛོམས་ནས་སྐད་ཤུགས་ཆུང་ངུས་ཅི་ཞིག་རྗོད་བཞིན་ཡོད་ཅིང་། གལ་སྲིད་མི་གཞན་ཞིག་ཁོ་ཚོའི་འཁྲིས་སུ་བསླེབས་ཚེ་ལམ་སང་ཅི་ཡང་རྗོད་ཀི་མེད་པའི་རྣམ་འགྱུར་ཞིག་སྟོན་བཞིན་འདུག ངས་ངོ་མ་གློ་བུར་ཐོག་རྒྱག་ཏུ་བྱུང་བའི་གནམ་ས་མགོ་མཇུག་ལྡོག་པའི་སྣང་ཚུལ་འདི་ལ་བཟོད་བསྲན་བྱེད་མི་ཐུབ། མི་སུ་ཞིག་ལ་འདིའི་སྐོར་སྐད་ཆ་ཞིག་དྲིས་ན་ལེགས་པའི་བསམ་བློ་གཏོང་བཞིན་པའི་དུས་སུ། རྒྱབ་ལོགས་ནས་གློ་བུར་དུ་མི་ཞིག་གིས་ངའི་ཕྲག་པར་ལག་པས་གཞུ་ཙམ་བྱས་ཏེ། ཝེ། ཅི་ཞིག་ལ་བསམ་བློ་གཏོང་གི་ཡོད་ཟེར་བས། ངས་མི་དེའི་སྐད་གདངས་ལས་དེ་ནི་ཡིས་ལིས་ཡིན་པ་ཤེས་ནས་ལམ་སང་མོའི་ཕྱོགས་སུ་མ་བལྟས་པར་མོས་གོ་ཐུབ་པའི་སྐད་ཤུགས་ཆུང་ངུས། ང་ལ་ཁྱོད་རང་ལ་སྐད་ཆ་ཞིག་འདྲི་རྒྱུ་འདུག་པས་དོ་དགོང་འཛིན་གྲྭ་གྲོལ་རྗེས་སློབ་གྲྭའི་གཡོན་ཕྱོགས་སུ་ཡོད་པའི་ཟ་ཁང་ཆུང་ཆུང་དེའི་ནང་དུ་ཤོག་ཅེས་བཤད་རྗེས་མོ་ལ་མིག་གིས་ཀྱང་མ་བལྟས་པར་རང་གི་ཉལ་ཁང་གི་ཕྱོགས་སུ་ཕྱིན་པ་ཡིན། སྤྱིར་ཡིན་ན་སློབ་གྲྭའི་ར་སྐོར་གྱི་དཀྱིལ་དེ་གར་རྒྱལ་དར་དམར་པོ་ཆེན་པོ་ཞིག་འཕྱར་ཡོད་པ་མ་གཏོགས་སློབ་གྲྭའི་ཁོར་ཡུག་ཏུ་དར་ཆ་གཞན་མེད་ཀྱང་། དེ་རིང་འཛིན་གྲྭའི་ཐོག་ཁང་དང་དགེ་རྒན་ཚོའི་གཞུང་སྒྲུབ་ཁང་། དཔེ་མཛོད་ཁང་དང་སློབ་མའི་ཉལ་ཁང་སོགས་ཁང་བརྩེགས་ཡོད་ཚད་ཀྱི་ཐོག་ཁར་སྐར་ལྔའི་དར་དམར་ཆེ་ཐག་ཆོད་རེ་འཕྱར་འདུག་ཅིང་། ཏང་ལ་ཡིད་ཆེས་ཡོད་ཀྱང་ཏང་གིས་སྔོན་བརྡ་ཅི་ཡང་མེད་པར་ཡོད་ཚད་དམར་པོར་སྒྱུར་བའི་བྱ་སྤྱོད་འདི་ལ་མགོ་འཐོམས་པ་ནི་ང་གཅིག་པོ་མ་ཡིན་པར་སློབ་གྲྭ་འདིའི་ནང་གི་དགེ་སློབ་ཧ་ཅང་མང་པོ་ཞིག་ཡིན་པ་ནི་ཐེ་ཚོམ་ཅི་ཡང་བྱེད་མི་དགོས་པ་ཞིག་རེད། མུ་འགོད།

Thursday, 22 March 2012


ཀླུ་སྨྱོན་དང་ར་ས་ཕོ་ཉ

མཚུངས་མེད་གྲོགས་པོ་ར་ས་ཕོ་ཉ་ལགས།

ཁྱེད་ ཀྱིས་བྱམས་བརྩེ་ཆེན་པོས་ཁྱི་འཁྱམས་དེ་ཚོར་རོགས་རམ་གནད་དུ་སྨིན་པ་གནང་བ་དེར་ ངས་མི་ཚེ་གཅིག་རིང་བཀའ་དྲིན་ཆེ་ཞུས་ཀྱང་མི་འདངས་པ་ཞིག་རེད། ངས་འདི་ནས་ངེད་ཅག་གིས་མ་རྒན་ཁྱི་ལྡོམ་ཚོར་རོགས་སྐྱོར་གྱི་ཆེད་དུ་ཕན་ཚུན་ སྤྲིངས་པའི་འཕྲིན་ཡིག་དེ་ཚོ་ཕྱོགས་བསྡོམས་ཀྱིས་ཁ་བརྡ་དྲ་ངོས་སུ་བཞག་ཡོད་པས། ཆོས་གྲོགས་གཞན་རེར་ཡང་སེམས་ཤུགས་འཕར་ཏེ་མ་རྒན་ཁྱི་ལྡོམ་གང་ན་སུ་ཡོད་དག་ལ་ རོགས་རམ་རེ་གནང་སྐྱོང་ཡོང་བའི་ཡིད་ཆེས་ཤིག་འཕེལ་སོང་བས། ཉིད་ལ་ཡང་འཕྲིན་ཡིག་དེ་ཚོ་དྲ་ངོས་སུ་འཇོག་པའི་ཐུགས་འདོད་ཡོད་པར་སྨོན། རྗེས་མར་ཡང་ཁྱི་ལྡོམ་ཉམ་ཐག་དེ་འདྲར་རོགས་རམ་གནང་བའི་དུས་ཚོད་ཡོད་ཚེ་ཁོ་བོར་ གསུངས་དང་འདི་ནས་དངུལ་ཏོག་ཙམ་རེ་རྒྱུན་དུ་བསྐུར་ཨེ་ཐུབ་བལྟ།

ཞེས་མི་ལྡོམ་ཀླུ་སྨྱོན་ནས།
 ------------------------------------
མཚུངས་མེད་གྲོགས་པོ་ཀླུ་སྨྱོན་ཧེ་རུ་ཀ་ལགས།
ལོ་སྔོན་མའི་ནང་ཉིད་ཀྱིས་ ཁྱི་ཕྲུག་ཁ་ཤས་གསོ་སྐྱོང་བྱེད་པའི་ཁྱི་མོ་ཞིག་གཙོར་བཟུང་། དགོན་པའི་ཁྱི་འཁྱམས་ཚོའི་ཆེད་དུ་རོགས་དངུལ་ཨ་སྒོར་༢༠༠ ཧིན་སྒོར་དུ་དེ་སྐབས་བསྒྱུར་བ་ཧིན་སྒོར་བདུན་སྟོང་ལྷག་ཙམ་འདུག་པ། ཁོ་བོས་ངོ་ཤེས་གྲོགས་པོ་འགའ་ཤས་རོགས་རམ་བརྟེན་ཁྱིའི་ཨ་མ་དེར་སྨན་བཅོས་དང་། དེ་བཞིན་ཁྱི་ཕྲུག་བཅས་པར་ཟས་དང་འོ་མ་སྤྲད་ཡོད་པ་དང་། དེ་ནས་གང་མཚམས་ནས་ཁྱི་ཕྲུག་དེ་ཚོ་ཆེན་པོ་ཆགས་སྐབས་རང་མགོ་འཐོན་ནས་ཁྱི་ཨ་མ་ དང་ཁྱི་ཕྲུག་དེ་ཚོ་ས་ཆ་གཞན་དུ་ཕྱིན་སོང་། དེའི་རྗེས་ཁྱེད་ཀྱི་རོགས་དངུལ་ལྷག་འདུག་པ་དེ་དག་ལས་དགོན་པའི་ཁྱི་འཁྱམ་རྔོ་ ཅན་ཚོར་རྔོ་སྨན་ཉོས་ནས་ཤ་དང་ལྷན་དུ་གང་ཐུབ་སྤྲད་པ་ཡིན། དེ་བཞིན་ཁྱི་ནད་ཅན་དེ་ཁ་ཤས་མཐོང་སོང་བ་དེ་ཚོར་སྨན་བཅོས་བྱེད་རོགས་ཞེས་ཉེ་ འཁྲིད་ཀྱི་མི་ལ་དངུལ་སྤྲད་པ་ཡིན། ད་དུང་དངུལ་གང་མཚམས་ལྷག་འདུག་པ་དེ་དག་ཁྱི་འབའ་ཞིག་གི་ཆེད་དུ་སོང་ཕྱིར། ཁྱི་ཡི་རྔོ་སྨན་ཉོས་ནས་གྲོགས་པོ་ཚོར་ཁྱི་འཁྱམས་རྔོ་ཅན་དག་ལ་རོགས་རམ་བྱེད་ མཁན་ཡོད་ན་ཁོང་ཚོར་སྤྲོད་རོགས་ཟེར་ནས་བཞག་ཡོད། ཉིད་ཀྱི་དེ་སྔ་གསུངས་དོན་བཞིན་ཞིབ་ཕྲའི་རྩིས་བཀྲ་གཤམ་དུ་ཡོད། ཁོ་བོ་དེ་རིང་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསང་སྔགས་རྡོ་རྗེ་ཐེག་པར་ཐོས་ བསམ་བྱེད་པར་འགྲོ་མཁན་ཡིན། ཉིད་ཀྱི་དགེ་སྦྱོར་ལ་རྗེས་སུ་ཡི་རང་ཞུ།།

Wednesday, 21 March 2012
ཀླུ་སྨྱོན།

—-”འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་གྱི་བཟའ་ཟླ་ལྷ་མོ་མཚོར་ཕུལ་བ།
ས་མཐའི་མིག་ཆུ་ཁོག་ལ་ཉར་ནས་རྡ་རམ་ས་ལར་བག་ལེབ་བཙོངས། །

རྨི་ལམ་ནང་དུ་བརྩེ་བའི་མཛའ་བོའི་བྲང་གཞུང་དྲོད་ཁོལ་མྱོང་ཙམ་བྱས། །

ས་ཆེན་མཁའ་ལམ་འཕྲེད་ཀྱིས་གཤགས་ནས་བོད་དོན་སྐྱེ་རྒུའི་རྣ་བར་བསྒྲགས། །

ཨ་མདོའི་བུ་མོ་ལྷ་མོ་མཚོ་འདི་ཕོ་རྒོད་སྟོང་གི་དོ་ཟླ་མིན། །
Thursday, 15 March 2012


སྙིང་ཉེ་བའི་དྲ་གྲོགས་མ་ལགས། ཁྱོད་ཀྱི་ཁ་པར་མ་ཡོང་བའི་ཉི་མ་འདི་ཚོར་ཁྱོད་བདེ་མོ་ཡིན་ནམ། ངས་ཁྱོད་ཀྱིས་ཁ་པར་མ་བཏང་བ་ཙམ་གྱིས་ཁྱོད་ངའི་སྟེང་ལ་མི་དགའ་བའམ་ཁོང་ཁྲོ་ལངས་ཡོད་བསམ་གིན་མེད། ངས་ཁྱོད་ཀྱིས་མཚམས་མཚམས་ལ་ཉི་མ་རེར་ཆུ་ཚོད་བཅུ་ལྷག་ལ་བྱ་བ་སྒྲུབ་བཞིན་ཡོད་པ་ཡང་ཤེས་ཡོད། ཁྱོད་ལ་ཡང་ཁྱོད་ཀྱི་ཚོད་ཀྱི་འགྲོ་སྒོ་མང་བས་ཁྱོད་ཀྱིས་ཆུ་ཚོད་མང་པོར་བྱ་བ་མ་ལས་ན་ག་ལ་འགྲིག ངས་དེ་རིང་བརྙན་འཕྲིན་ལེ་ཚན་བརྒྱུད་དེ་ཁྱེད་ཀྱིས་ངའི་རེ་བ་དང་ལེན་བྱས་ཏེ་སྟོད་གོས་ལྗང་སྐྱ་ཞིག་གྱོན་ཡོད་པ་མཐོང་བའི་མོད་ལ། ངས་རང་གི་མི་ཚེ་གང་པོར་ཁྱེད་ལ་བྱམས་སྐྱོང་དང་བརྩེ་དུང་སྤྲོད་ན་འདོད། ཁྱོད་ཀྱིས་ལྟོས་དང་། འཇིག་རྟེན་གྱི་ཁམས་འདི་ཕོ་མོ་གཉིས་ལས་གྲུབ་ཅིང་། ཕོ་མོ་གཉིས་མཉམ་དུ་འཛོམས་ན་ད་གཟོད་འཇིག་རྟེན་གྱི་འཚོ་བ་ལ་བརྩེ་དུང་དང་དྲོད་ཁོལ་ལྡན་པ་རེད། དོ་དགོང་ངས་རྒྱ་སྐད་ཀྱི་གློག་བརྙན་བོད་བསྒྱུར་མ་"ངའི་འདོད་པ་ཚེ་གཅིག་སྐྱ་ཡ་"ཞེས་པ་དེར་ལྟ་བཞིན་ཡོད་ལ། གློག་བརྙན་དེའི་ནང་གི་བུ་མོ་ཞིག་གིས་བརྩེ་དུང་ལ་ཨུ་ཚུགས་ བྱས་ནས་ཡོང་རྒྱུ་ཡོད་ནི་མ་རེད་ཅེས་བརྗོད་སོང་།